མཚན་མོ་རེ་རེར་མི་ཕལ་མོ་ཆེ་ཚོར་མེད་ངང་ལུས་སེམས་བག་ཉལ་གྱི་གནས་ལ་འཇུག་གི་ཡོད། དེ་ལྟར་ཡང་ང་ཚོ་གཉིད་ཁུག་སྐབས་ལུས་ལ་འགྱུར་བ་ཅི་ཞིག་བྱུང་གི་ཡོད་པ་དང། གལ་ཏེ་གཉིད་འདང་ངེས་ཤིག་མ་གཉལ་ཚེ་ཤུགས་རྐྱེན་ཅི་ཞིག་བྱུང་གི་ཡོད་དམ།
གཉིད་ནི་ཀླད་པའི་ནང་གི་ལུས་ཀྱི་དུས་འཛིན་འཁོར་ལོའམ་ཉིན་ཞག་འཁོར་འགྲོས་ཀྱིས་སྟངས་འཛིན་བྱེད། ལུས་ཀྱི་དུས་འཛིན་འཁོར་ལོས་འོད་ཀྱི་འགྱུར་བར་བསྟུན་ནས་མཚན་མོར་མི་ལ་ཊོ་ནེན་ཞེས་པའི་རྨེན་རྫས་སྤེལ་བ་དང་ནམ་ཞིག་ལུས་ཀྱིས་འོད་ཚོར་ཚེ་རྨེན་རྫས་དེ་སླེལ་མཚམས་འཇོག་གི་ཡོད།
མཚན་གང་པོར་ང་ཚོའི་ལུས་ཀྱིས་མྱོང་བའི་གཉིད་ཀྱི་རིམ་པ་བཞི་ཡོད། གཉིད་བཟང་པོ་འཁུག་སྐབས་ང་ཚོ་རིམ་པ་དེར་ལན་བཞི་ནས་ལྔ་བར་འཁོར་སྐྱོད་བྱེད། རིམ་པ་དང་པོ་དང་གཉིས་པའི་གཉིད་ནི་གཡང་པོ་ཡིན་ཅིང་དེ་ནི་སངས་པོ་ནས་གཉིད་ལ་འཕོ་བའི་སྐབས་ཤིག་རེད། དེ་དུས་སྙིང་གི་འཕར་ཚད་དང་དབུགས་ཀྱི་རྒྱུ་བ་དལ་ལྷོད་ཆགས།་ལ ལུས་ཀྱི་ཚ་དྲོད་ཆག་པ་དང་ཤ་གནད་རྣམས་འཁྱུག་འགུལ་ཡང་བྱེད་སྲིད།
རིམ་པ་གསུམ་པ་ལ་སྐབས་རེ་ཌེལ་ཊ་གཉིད་ཟེར། དེ་ཡང་རིམ་པ་འདིར་ཌེལ་ཊ་ཀླད་རླབས་དལ་པོར་ཀློད་པས་རེད། རིམ་པ་འདི་ནི་གཉིད་མཐུག་པོར་འཁུག་པའི་ཐོག་མའི་གནས་སྐབས་སུ་ཡིན། དེའི་ཚེ་ཕྲ་ཕུང་རྣམས་ཀྱིས་འཚར་ལོང་རྨེན་རྫས་ཕོན་ཆེ་བསྐྲུན་ནས་རུས་པ་དང་ཤ་གནད་རྣམས་སུ་བཏང་སྟེ་ལུས་པོར་རང་ངོས་ནས་ཞིག་བསོ་བྱེད་དུ་བཅུག་གི་ཡོད།
རིམ་པ་བཞི་པའི་སྐབས་ང་ཚོས་རྨི་ལམ་རྨིས་འགོ་ཚུགས་ཀྱི་ཡོད། སྐབས་འདིར་ལུས་པོས་རང་ཉིད་ཚོར་མེད་ཆགས་བྱེད་ཀྱི་རྫས་བསྐྲུན་པའི་རྐྱེན་གྱིས་ང་ཚོས་རྨི་ལམ་གཏོང་སྐབས་ལུས་ལ་གཡོ་འགུལ་མེད་པ་ཡིན། རིམ་པ་འདིར་ཀླད་པ་ཧ་ཅང་གྲུང་པོ་ཡོད་པ་དང་ང་ཚོའི་མིག་བཙུམ་ཡོད་རུང་གཉིད་སད་པའི་གནས་སྐབས་ཇི་བཞིན་ཕར་ཚུར་འགུལ་སྐྱོད་བྱེད།
མི་རྣམས་ཀྱིས་མི་ཚེའི་གསུམ་ཆ་གཅིག་གཉིད་ཉལ་ནས་སྐྱེལ་གྱི་ཡོད་ཀྱང་དེང་གི་འཚོ་བའི་གནོན་ཤུགས་དང་འཕྲུལ་ཆས་ཁྱབ་གདལ་སོང་བའི་རྐྱེན་གྱིས་ད་ཆ་མི་རྣམས་ཀྱི་གཉིད་ཁུག་ཚད་ནི་ལོ་ངོ་བརྒྱ་ཡི་སྔོན་དང་བསྡུར་ན་ཧ་ཅང་ཉུང་དུ་ཕྱིན་ཡོད།
ཞག་རེའི་གཉིད་ཁུག་ཡུན་ཆུ་ཚོད་བདུན་ལས་ཉུང་བ་ཡོད་ན་དེ་ནི་གཅོང་ནད་སྐྱེད་པའི་གཉེན་ཁ་འཕེལ་བ་དང་འབྲེལ་ཆེ་ཞིང་དེས་ཚེ་རིང་ལོ་བརྒྱར་སོན་པའི་རེ་བ་ཡང་ཉུང་དུ་གཏོངསྲིད། དེའི་ཕྱིར་བདེ་ཐང་ངང་མི་ཚེ་རིང་དུ་འཚོ་བར་འདོད་པ་རྣམས་ཀྱིས་གཉིད་འོས་ཤིང་འཚམས་པ་ཁུག་རོགས་གནང།
བསྟན་འཛིན་དབང་ལྡན་གྱིས་བོད་བསྒྱུར་བྱས།
བོད་བསྒྱུར་ཚན་རིག་བརྡ་ཆད་རྣམས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱིས་གཏན་འབེབས་བྱས་པའི་ཚན་ཞིག་བརྡ་ཆད་ལ་གཞི་བཅོལ་ཡོད།
No comments
Post a Comment