Friday, 22 June 2018

གཅིན་སྙི་ན་ཚ་དང་བཅོས་ཐབས་གསོ་མ།

འཛམ་གླིང་ས་ཕྱོགས་གང་སར་མི་འབོར་ས་ཡ་༤༡༥ ལྷག་གཅིན་སྙིས་ཟིན་ཡོད། གཅིན་སྙི་ནི་ནད་གཞི་ཞིག་ཡིན་པ་དང་། ན་ཚ་དེ་ཡོད་ཚེ་ཁྲག་ནང་གི་མངར་ཆ་(glucose གུལ... thumbnail 1 summary

འཛམ་གླིང་ས་ཕྱོགས་གང་སར་མི་འབོར་ས་ཡ་༤༡༥ ལྷག་གཅིན་སྙིས་ཟིན་ཡོད། གཅིན་སྙི་ནི་ནད་གཞི་ཞིག་ཡིན་པ་དང་། ན་ཚ་དེ་ཡོད་ཚེ་ཁྲག་ནང་གི་མངར་ཆ་(glucose གུལ་ཀོས )ཚད་མཐོར་འཕེལ་བ་ཡིན།

ཨིན་སུ་ལིན་ཞེས་པ་དེ་མངར་འཇུ་རྨེན་གཤེར་སྐུལ་རྒྱུ་ ༼ ཧོར་མོན་Hormone༽  ཞིག་ཡིན་ལ་དེས་ལུས་ཀྱི་ཕྲ་ཕུང་ཚོར་ཁྲག་ནང་གི་ཟས་ནས་ཐོབ་པའི་མངར་བཅུད་དག་བླངས་ནས་ལུས་ལ་མཁོ་བའི་ནུས་པའི་ངོ་བོར་བསྒྱུར་བར་སྐུལ་གྱི་ཡོད།
Image result for pancreas
ལྟོ་རྒྱབ་ཏུ་ཆགས་པའི་ཨིན་སུ་ལིན་བསྐྲུན་གནས་གཤེར་རྨེན།


གཅིན་སྙིར་དབྱེ་བ་གཙོ་ཆེ་གསུམ་ཡོད་པ་ནི་གཅིན་སྙི་རིགས་དང་པོགཅིན་སྙི་རིགས་གཉིས་པ་དང་མངལ་གནས་གཅིན་སྙི་གསུམ་དུ་འདུས་པ་ཡིན།

གཅིན་སྙི་རིགས་དང་པོ་དེ་གཟུགས་པོས་ཨིན་སུ་ལེན་སྐྲུན་གྱི་མེད་པ་དེ་ཡིན། ལུས་ཀྱི་ནད་འགོག་མ་ལག་གིས་ཨིན་སུ་ལེན་སྐྲུན་མཁན་གྱི་གཤེར་རྨེན་ནང་གི་ཕྲ་ཕུང་ཚོར་རྒོལ་ནས་དེ་དག་འཇོམས་པར་བྱེད། ཨིན་སུ་ལེན་མེད་ཚེ་ཁྲག་ནང་ཚིལ་དང་མངར་ཆ་ཚད་མཐོར་ལུས་པའི་རྐྱེན་བྱས་ནས་ཁྲག་རྩ་དང་ལུས་ཀྱི་དབང་པོ་གལ་ཆེན་དག་ལ་གནོད་སྐྱོན་ཕོག་ཉེན་ཆགས་པ་ཡིན། ད་བར་གཅིན་སྙི་རིགས་དང་པོ་དེའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་གསལ་ཁ་ཆགས་མེད་ཀྱང་རིགས་རྫས་དང་ཁོར་ཡུག་ལ་ཁག་དཀྲི་ས་གཙོ་བོ་བྱེད་ཀྱི་ཡོད། ནད་གཞི་འདི་རང་འགོག་ནད་གཞི་ཞིག་ཡིན། སྤྱིར་བཏང་ཡིན་ན་ནད་འགོག་མ་ལག་གིས་བདེ་ཐང་ཅན་གྱི་ཕྲ་ཕུང་རྣམས་སྲུང་སྐྱོབ་དང་ཕྱིའི་ཕྲ་སྲིན་དང་དུག་སྲིན་སོགས་འབུར་འཇོམས་བྱེད་ཀྱང་སྐབས་རེ་འགལ་འཛོལ་ལམ་ནོར་འཁྲུལ་གྱི་དབང་གིས་ལུས་པོར་ཚུར་རྒོལ་གྱི་ཡོད། ནད་གཞི་འདིར་མཚོན་ན་ནད་འགོག་མ་ལག་གིས་གཤེར་རྨེན་ནང་གི་ཨིན་སུ་ལིན་སྐྲུན་མཁན་གྱི་ཕྲ་ཕུང་ལ་རྒོལ་གྱི་ཡོད། གཅིན་སྙི་རིགས་དང་པོ་འདི་ལོ་ཚད་གང་འདྲ་ཞིག་ལ་ཡང་བྱུང་སྲིད་པ་ཞིག་ཡིན་ཡང་མང་པོ་ཞིག་ལ་དར་མ་མ་ཆགས་སྔོན་ལ་ནད་རྟགས་ཐོན་བཞིན་ཡོད།

གཅིན་སྙི་རིགས་གཉིས་པ་ནི་གཟུགས་པོས་ཨིན་སུ་ལིན་ལེགས་པར་མི་སྤྱོད་པའམ་ཡང་ན་ཨིན་སུ་ལིན་ཉུང་དྲགས་པའི་ནད་གཞི་ཞིག་རེད། དང་ཐོག་དེར་གཤེར་རྨེན་གྱིས་ཁྲག་གི་མངར་ཆའི་ཚད་ཕྲི་ཕྱིར་ཨིན་སུ་ལིན་མང་ཙམ་སྐྲུན་པར་བྱེད་ཀྱང་རིམ་གྱིས་མངར་ཆ་འཕེལ་རྒྱུ་མང་སོང་ནས་ཨིན་སུ་ལིན་གྱིས་ལག་མི་ཐུབ་པར་ཆགས་ཤིང་ཁྲག་ནང་མངར་ཆར་སྟངས་འཛིན་མ་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད། གཅིན་སྙིའི་རིགས་གཉིས་པོ་གང་ལྟར་ཡང་ཨིན་སུ་ལིན་ལ་སྣང་མེད་ཆགས་པའམ་ཨིན་སུ་ལིན་འདང་ངེས་སྐྲུན་མི་ཐུབ་པའི་སྐྱོན་གྱིས་ཡོང་གི་ཡོད།


མངལ་གནས་གཅིན་སྙི་ནི་མངལ་ཆགས་པའི་གནས་སྐབས་སུ་བྱུང་བའི་གཅིན་སྙི་ནད་གཞི་ཞིག་རེད། སྐྱེས་མ་མང་པོ་ཞིག་ལ་ཕྲུག་གུ་སྐྱེས་རྗེས་ན་ཚ་དེ་རྒྱུན་མཐུད་གནས་ཀྱི་མེད། མངལ་ཆགས་སྐྱེས་མ་བརྒྱ་ཆ་༡༢-༡༤ བར་ལ་མངལ་གནས་གཅིན་སྙི་ན་ཚ་དེ་བྱུང་གི་ཡོད། དེ་ཡང་ནམ་རྒྱུན་མངལ་ཆགས་བདུན་ཕྲག་༢༤ པ་ནས་༢༨ པ་བར་དུ་ཡོང་བ་ཡིན།

ད་ལྟ་བར་དུ་བཅོས་ཐབས་གང་གིས་ཀྱང་གཅིན་སྙི་སངས་དྲག་ཡོང་ཐུབ་མེད་ཀྱང་ཚན་རིག་པ་ཚོས་ན་ཚ་དེ་མ་རྐང་ཕྲ་ཕུང་གསོ་བའི་ཕྱིར་བཀོལ་བཞིན་པའི་འཕྲུལ་ཆས་སྤྱད་ནས་བཅོས་ཐབས་ཡོང་བར་བརྩོན་པ་བྱེད་ཀྱི་ཡོད། ཉམས་ཞིབ་གཅིག་གི་ནང་དུ་ཁོང་ཚོས་མིའི་པགས་པའི་ཕྲ་ཕུང་ཁག་ཅིག་ཨིན་སུ་ལིན་བསྐྲུན་མཁན་གྱི་ཕྲ་ཕུང་ངོར་བསྒྱུར་བ་དང་། ཕྲ་ཕུང་དེ་དག་གིས་ཁྲག་ནང་གི་མངར་ཆའི་མང་ཉུང་ལ་རན་པའི་ཨིན་སུ་ལིན་སྤེལ་ཐུབ་ཀྱི་ཡོད།

ཉམས་ཞིབ་གཞན་ཞིག་གི་ནང་ཚན་རིག་པ་ཚོས་ཕྲ་ཕུང་གཞི་རྟེན་ཅན་གྱི་གཅིན་སྙི་བཅོས་ཐབས་ཤིག་སྤེལ་ཞིང་། གསོ་སྤྱད་དེར་རིགས་རྫས་བཅོས་སྒྱུར་བྱས་པའི་ཕྲ་ཕུང་ལྡན་པའི་ཐུན་ཐུམ་ཞིག་ཡོད། ཐུན་ཐུམ་དེ་ནད་པའི་པགས་པའི་འོག་ཏུ་འདེབས་འཛུགས་བྱེད་པ་དང་། རྗེས་སུ་དེ་དག་གིས་རང་དགར་ཐོག་ཨིན་སུ་ལིན་ཇི་དགོས་སྤེལ་ནུས་པ་ཡིན། གསོ་སྤྱད་དམ་བཅོས་ཐབས་འདི་དག་གིས་གཅིན་སྙི་ནད་པ་ཚོར་སྨན་ཁབ་སྤྱོད་ནས་ཨིན་སུ་ལིན་ནང་འཇུག་བྱེད་མི་དགོས་པ་བྱས་ཡོད། ནད་འགོག་གསོ་ཐབས་དང་རིགས་རྫས་བཅོས་བསྒྱུར་ཐབས་ལམ་འདི་དག་གཅིན་སྙི་འགོག་ཐབས་ལ་སྤྱད་ཡོད་པ་དང་། བཅོས་བསྒྱུར་བྱས་པའི་ཕྲ་ཕུང་དག་ལ་གཉེན་ཚབ་ཆེ་བའི་ཕྲ་ཕུང་རྣམས་མེད་པར་བཟོ་བའི་ནུས་པ་ལྡན། ཉེན་ཚབས་ཆེ་བའི་ཕྲ་ཕུང་དེས་གཅིན་སྙི་རིགས་དང་པོའི་ནང་ནད་པའི་རྨེན་ཤེར་ལ་རྒོལ་ནས་དེ་སྐྱོན་ཅན་དུ་འགྱུར་བཅུག་གི་ཡོད།
ཐུན་ཐུམ་འཕྲུལ་ཆས
ཧ་ཝཊ་དུ་ཚན་རིག་པ་ཞིག་གིས་ཕྲ་ཕུང་འདེབས་འཛུག་ཆེད་ཐུན་ཐུམ་འཕྲུལ་ཆས་ཤིག་གསར་གཏོད་བྱས་པ་དང་། འཕྲུལ་ཆས་དེས་མངར་ཆའི་ཚད་འཇལ་ནས་ཨིན་སུ་ལིན་གང་དགོས་སློད་ཐུབ། དེ་དག་གིས་ནད་འགོག་མ་ལག་གིས་ཨིན་སུ་ལིན་སྐྲུན་མཁན་གྱི་ཕྲ་ཕུང་འགོག་རྒོལ་བྱས་པ་ལས་ཀྱང་སྐྱོབ་ཐུབ། འཕྲུལ་ཆས་འགའ་ཞིག་ལ་དྲ་བ་འམ་ཚགས་ཡོད་པས་ནད་འགོག་ཕྲ་ཕུང་ཆེ་བ་དག་གི་ལམ་བཀག་ནས་མངར་ཆ་དང་ཨིན་སུ་ལིན་ལས་སླ་པོའི་ངང་བརྒྱུད་གཏོང་བྱེད་ཐུབ། ཚན་རིག་པ་ཚོས་མངོན་མི་ཐུབ་པའི་ཨིན་སུ་ལིན་སྐྲུན་བྱེད་ཀྱི་ཕྲ་ཕུང་ཡང་བཟོ་བར་འབད་བཞིན་ཡོད། དེ་ནི་ཨིན་སུ་ལིན་དག་ནད་འགོག་ཕྲ་ཕུང་ལས་སྐྱབ་ཐུབ་ཆེད་རེད། འོན་ཀྱང་མངོན་མི་ཐུབ་པའི་ཕྲ་ཕུང་བཟོ་རྒྱུར་ཚད་མཐོའི་ཉམས་ཞིབ་བྱེད་དགོས་དུས་ལས་གཞི་དེ་ནི་མགོ་རྙོག་ཅན་ཞིག་རེད།

ལུས་ཀྱི་ལྗིད་ཚད་འཕར་བ་ནི་གཅིན་སྙི་བྱུང་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་ཡོད་ལ། ཤ་རྒྱགས་པ་ཆགས་པ་དེས་གཅིན་སྙི་རིགས་གཉིས་པ་ལྡབ་བདུན་གྱིས་མགྱོགས་པོར་འདྲེན་པའི་རྐྱེན་བྱེད། དཔྱད་ཞིབ་བརྒྱུད་ཤེས་གསལ་ལྟར་ན་ལུས་རྩལ་དང་ལུས་ཀྱི་ཀུན་སྤྱོད་ཀྱིས་གཅིན་སྙིར་སྟངས་འཛིན་བྱེད་པར་ཕན་པ་ཆེ། འཕྲོད་བསྟེན་ཅན་གྱི་ཟས་རིགས་སྤྱོད་པས་ནི་གཅིན་སྙི་སྔོན་འགོག་ཐུབ་པར་ཕན་རླབས་ཆེ་བར་བཤད། དེ་ཡང་ཚི་སྣ་ཆེ་བའི་(high in fiber) ཟས་རིགས་མང་ཙམ་སྤྱོད་རྒྱུ་དང་སེམས་ཅན་གྱི་ཚིལ་ཞག་དང་ཚིལ་གཏམས་ཆེ་བའི་saturated fat ཟས་རིགས་ཉུང་ནས་ཉུང་དུ་སྤྱོད་གལ་ཆེ། ཐ་མག་འཐེན་མཚམས་འཇོག་དགོས་པ་དང་ཆང་རིགས་འཐུང་རྒྱུ་ཉུང་དུ་གཏོང་དགོས། ཐ་མག་འཐེན་མཁན་རྣམས་ཐ་མག་མི་འཐེན་མཁན་ལས་བརྒྱ་ཆ་༥༠ ཡིས་གཅིན་སྙི་ན་ཉེན་ཆེ་བ་ཡོད།

No comments

Post a Comment

Like us on Facebook