Tuesday, 29 May 2018

སྟོང་ཉེན་ཆེ་བའི་ཚོས་ཕུང་ Y

ཚོས་ཕུང་ནི་ཕྲ་ཕུང་གི་ལྟེ་སྙིང་ནང་རྒྱུད་འཛིན་རྒྱུ་ཆ་ལྡན་པའི་DNA ཚོགས་པའི་གོང་བུ་ཞིག་ཡིན། ཉིང་བྲལ་སྲོག་ཆགས་ནང་ཚོས་ཕུང་ནི་སྒ... thumbnail 1 summary














ཚོས་ཕུང་ནི་ཕྲ་ཕུང་གི་ལྟེ་སྙིང་ནང་རྒྱུད་འཛིན་རྒྱུ་ཆ་ལྡན་པའི་DNA ཚོགས་པའི་གོང་བུ་ཞིག་ཡིན། ཉིང་བྲལ་སྲོག་ཆགས་ནང་ཚོས་ཕུང་ནི་སྒོར་དབྱིབས་སུ་ཡོད་ལ། ཉིང་ལྡན་སྲོག་ཆགས་ནང་ནར་མོའི་དབྱིབས་སུ་ཡོད། ཉིང་ལྡན་སྲོག་ཆགས་ཀྱི་ཉེ་རིགས་ཚང་མར་དེ་དག་གི་ཕྲ་ཕུང་ལྟེ་སྙིང་ནང་ཚོས་ཕུང་ཀྱི་གྲངས་མི་འདྲ་བ་སོ་སོར་ཡོད། དཔེར་ན་མི་ལྟ་བུར་མཚོན་ན་ཚོས་ཕུང་ཡ་གྲངས་ ༤༦ དང་ཆ་གྲངས་༢༣ ཡོད། ཤིང་འབྲས་སྦྲང་མར་ ༨ ཙམ་ལས་མེད། ཚོས་ཕུང་དེ་དག་ནི་ཁ་གྱེས་པ་ལ་མངོན་དུ་ཕྱོགས་པའི་ཚེ་ན་མ་གཏོགས་མངོན་གསལ་དུ་མཐོང་བ་དང་གཞན་ལས་དབྱེ་འབྱེད་བྱེད་མི་ནུས། མི་ནང་གི་ཚོས་ཕུང་ཆ་དང་པོ་༢༢ ལ་དཀྱུས་ཕུང་ཞེས་བརྗོད། དཀྱུས་ཕུང་དེ་དག་ནི་ཆ་མཚུངས་ཚོས་ཕུང་ཞིག་སྟེ་ཁོང་ཚོའི་ནང་གི་རིགས་རྫས་ཚང་མ་ཆ་མཚུངས་སུ་ཡོད་ལ་གོ་རིམ་ཡང་གཅིག་པར་ཡོད། ཚོས་ཕུང་ཆ་ ༢༣ པ་དེ་ནི་ཆ་མི་མཚུངས་པའི་ཚོས་ཕུང་ཞིག་སྟེ་ཕོ་ལ་ཚོས་ཕུང་ X  ཞིག་དང་ཚོས་ཕུང་ Y ཞིག་བཅས་གཉིས་ཡོད། མོ་ལ་ཚོས་ཕུང་ X གཉིས་ཡོད། ཚོས་ཕུང་ཆ་ ༢༣ པ་འདི་ལ་མཚན་མའི་ཚོས་ཕུང་དུ་འབོད་ཅིང་བསྡུས་ན་མཚན་ཕུང་ཟེར།
རྒྱུན་ལྡན་གྱི་མིའི་ཕྲ་ཕུང་ཞིག་གི་ལྟེ་ཉིངནང་ཚོས་ཕུང་ཆ་༢༣ ཡོད།
ཁམས་དཀར་དམར་མ་འདུས་གོང་གི་ཁམས་དཀར་དམར་སོ་སོའི་ཕྲ་ཕུང་ནང་ཚོས་ཕུང་ཡ་ ༢༣ ལས་མེད། ཁམས་དམར་ཕྲ་ཕུང་ནང་རྒྱུན་དུ་ཚོས་ཕུང་X ཡོད་ཀྱང་ཁམས་དཀར་བྱེ་བྲག་པ་རེའི་ནང་སྐབས་རེ་ཚོས་ཕུང་ Y  དང་སྐབས་རེ་ཚོས་ཕུང་ X  ཡོང་གི་ཡོད། ཨ་མའི་མངལ་ནང་ཁམས་དཀར་དམར་འདུས་སྐབས་ཕའི་ས་བོན་ནམ་ཁམས་དཀར་ཕྲ་ཕུང་ནང་དུ་ཚོས་ཕུང་ ༢༣ པ་དེར་ཚོས་ཕུང་X ཞིག་ཡོད་ཚེ་མངལ་ནང་བུ་མོ་ཆགས་པ་དང་། འོན་ཏེ་ཚོས་ཕུང་ Y ཞིག་ཡོད་ཚེ་བུར་ཆགས་ཀྱི་ཡོད། བུ་མོ་ཞིག་ཐོག་མར་མངལ་དུ་ཆགས་པའི་གནས་སྐབས་སུ། ཁམས་དམར་ཕྲ་ཕུང་ལས་གཞན་པའི་ཕྲ་ཕུང་གཞན་གྱི་ནང་དུ་ཕ་མ་གཉིས་ལས་ཐོབ་པའི་ཚོས་ཕུང་ XX གང་རུང་ཞིག་ངེས་མེད་ངང་གཏན་དུ་ལས་འཇུག་ནུས་པ་མེད་པར་བྱེད་ཀྱི་ཡོད།

བུ་ཆགས་པར་བྱེད་མཁན་གྱི་ཚོས་ཕུང་ Y ནི་མྱུར་པོའི་ངང་སྟོང་བཞིན་ཡོད་ཀྱང་། དེས་ཕོ་རྒྱུད་རྣམས་ཀྱང་སྟོང་བཞིན་ཡོད་པའི་ཁྱབ་པ་སྟོན་གྱི་མེད།

ཚོས་ཕུང་ Y རྩ་སྟོང་མ་ཕྱིན་བར་དུ་ད་དུང་ལོ་ངོ་ས་ཡ་ ༤་༦ ཙམ་ཞིག་ལྷག་ཡོད། འདི་ནི་སྲོག་ཆགས་འཚོ་གནས་ཐུབ་ནས་ད་བར་ལོ་ངོ་ཐེར་འབུམ ༣་༥ ཕྱིན་ཟིན་པར་བསམ་ན་དེ་ཙམ་གྱི་རིང་པོ་མིན།

ཚོས་ཕུང་ Y ཡིས་ "སྟངས་འཛིན་བྱེད་མཁན་གྱི་རིགས་རྫས་ཨ་མ་" ཞིག་འཁྱེར་ཡོད་ལ་དེས་སྦྲུམ་སྲིང་ཞིག་ཕོ་(XY) འམ་ཡང་ན་མོ་(XX) གང་ཞིག་ཏུ་ཆགས་མིན་ཐག་གཅོད་བྱེད། ཚོས་ཕུང་འདི་ནང་རིགས་རྫས་གཞན་ཁག་ཅིག་ཀྱང་ཡོད་རུང་འདི་ནི་འཚོ་གནས་ལ་གལ་ཆེན་པོ་དེ་ཙམ་མ་རེད། བུ་མོ་ཚོར་ཚོས་ཕུང་དེ་མེད་པར་ཡང་འཚོ་གནས་བྱེད་པར་སྣང་དག་ཡོང་གི་མེད།

བྱུང་བ་དེ་ནི་ལོ་ངོ་ས་ཡ་ ༡༦༦ ཡར་སྔོན་ལ་རྦད་དེ་སོ་སོ་ཡིན། གདོད་མའི་ཚོས་ཕུང་ Y ནི་ཚོས་ཕུང་ X དང་ཚད་མཉམ་ལ་ནང་དུ་རིགས་རྫས་ཀྱང་གཅིག་པ་ཡོད། ང་ཚོའི་ཕྲ་ཕུང་ནང་མ་དཔེ་གཉིས་རེ་ཡོད་པའི་ཚོས་ཕུང་གཞན་དང་མི་འདྲ་བར་ཚོས་ཕུང་ Y ལ་མ་དཔེ་གཅིག་ལས་མེད་ཅིང་དེ་ཡང་ཕ་ནས་བུ་རབས་ཚོར་བརྒྱུད་གཏོང་བྱེད་པ་ཡིན།



ཚོས་ཕུང་ Y སྟེང་གི་རིགས་རྫས་རྣམས་ནི་རིགས་རྫས་བསྐྱར་སྒྲིག་སྟེ་རྒྱུད་རབས་རེའི་ནང་རིགས་རྫས་ལ་དཀྲུག་བདལ་ཐེབས་པའི་བརྒྱུད་རིམ་ནང་བཞུད་ཐུབ་ཀྱི་མེད། རིགས་རྫས་དཀྲུག་བདལ་དེས་འཁྲུག་སྐྱོན་ཐེབས་ནས་རིགས་རྫས་རིམ་འགྱུར་བྱུང་བ་རྣམས་ཕྱིར་འཕུད་གཏོང་གི་ཡོད། བརྒྱུད་རིམ་དེ་མེད་པའི་རྐྱེན་གྱིས་ཚོས་ཕུང་ Y ག་ལེར་ཉམས་རྒུད་དུ་སོང་བ་དང་། རིམ་པས་ལྗིད་ནོམ་མམ་ཚོས་ཕུང་ཚེ་མ་ནས་ཁ་བྲལ་ཆགས་པ་རེད།

དེ་ལྟར་ན་ཡང་ཚོས་ཕུང་ Y ཡིས་ཕན་རླབས་ཅན་གྱི་མ་ལག་ཁག་ཅིག་བསྐྲུན་ཡོད། དེས་རིགས་རྫས་སྟོང་བའི་ཚད་གཞི་ཉུང་དུ་བཏང་ནས་གང་ཐུབ་ཀྱིས་ཚད་གཞི་དེ་ཉིད་ལ་སོར་གནས་ཐུབ་ཐབས་བྱེད་ཀྱི་ཡོད། དཔེར་ན། མ་ལག་འདིས་རིགས་རྫས་རྒྱ་སྐྱེད་པ་དང་དེས་རིགས་རྫས་ཀྱི་འདྲ་བཤུས་དུ་མ་ཐོབ་པར་བྱེད་ཀྱི་ཡོད་པ་དང་། ཁམས་དཀར་ས་བོན་གྱི་བྱ་བ་བདེ་ཐང་ངང་བྱུང་བར་མཐུན་འགྱུར་བྱེད་ལ་རིགས་རྫས་རྒུད་ཉེན་ཉུང་དུ་གཏོང་གི་ཡོད། རྒྱ་སྐྱེད་ཕྱིན་པའི་རིགས་རྫས་འདི་དག་གིས་རབས་ཕྱི་མ་རྣམས་ཀྱི་ཕོ་མོའི་བསྡུར་ཚད་ལ་སྟངས་འཛིན་བྱེད།

ཚོས་ཕུང་ Y ཡི་རིགས་རྫས་རྒྱ་སྐྱེད་ནི་ཉེ་རིགས་ཚང་མའི་ནང་ལ་ཐུན་མོང་གི་གལ་གནད་ཅན་ཞིག་ཡིན་པ་དང་། ཚོས་ཕུང་ Y ཡིས་(པེ་ལེན་ཌོར་མི) ཞེས་པའི་དབྱིབས་བཀོད་ཞིག་ཀྱང་བསྐྲུན་ཡོད། དེས་རིགས་རྫས་གོང་བུའི་ (DNA) འཁོད་རིམ་རྣམས་ལུགས་འབྱུང་ལྡོག་གང་དུ་ཡང་མཚུངས་པར་ཀློག་ཐུབ་པ་དེ། དཔེར་ན། "AGTGA" ལྟ་བུ་མགོ་མཇུག་གང་ནས་ཀློག་ཀྱང་དོན་གཅིག་པ་སྟོན་གྱི་ཡོད། དེ་འདྲའི་རིགས་རྫས་གོང་བུའི་(DNA)འཁོད་རིམ་དེས་ཚོས་ཕུང་ Y མུ་མཐུད་ནས་ཉམས་དམས་སུ་འགྲོ་བ་ལས་སྐྱོབ་པར་བྱེད་ཀྱི་ཡོད།

ཚན་རིག་པ་ནང་ཁུལ་ལ་ཚོས་ཕུང་ Y དོན་དངོས་སུ་ཉམས་དམས་སུ་འགྲོ་མིན་ཐད་རྩོད་གཞི་ལངས་ཡོད། ཁག་ཅིག་གིས་དེའི་སྲུང་སྐྱོབ་མ་ལག་གིས་ཚོས་ཕུང་ Y སྐྱབས་ཡོད་པར་བརྗོད་ལ། གཞན་ཚོས་ཚོས་ཕུང་ Y གཡང་ཁ་ནས་ལྷུང་ལ་ཉེ་བར་བཤད། གང་ལྟར་གཡང་ཁ་དེ་ནས་མ་ལྷུང་གི་བར་དུ་རྩོད་པ་དེ་ནི་མུ་མཐུད་གནས་རྒྱུ་རེད།
ལྗིད་ནོམ། སྲོག་ཆགས་ཤིག་ལ་རང་གི་ཕ་མ་ནས་བྱུང་བའི་རིགས་རྫས་སྤྱིའི་ས་བཀྲའམ་རིགས་རྫས་སྤྱིའི་གནས་ཚུལ།
ཁུངས།
Hashem Al-Ghaili

No comments

Post a Comment

Like us on Facebook