Monday, 21 May 2018

གོ་ལའི་སྟེང་གི་སྲིན་པོ་ལག་དམར་བ། ཕྲ་སྲིན་རྟེན་གནས་དུག་སྲིན།

ལོ་ངོ་ཐེར་འབུམ་མང་པོའི་རིང་དམག་འཁྲུག་ཆེན་པོ་ཞིག་ལངས་ནས་ང་ཚོར་སྣང་བ་ཙམ་ཡང་མ་བྱུང་བའི་ངང་ད་བར་ཉིན་རེར་སེམས་ཅན་ཁྲག་ཁྲིག་མང་པོ་འཆི་བཞིན... thumbnail 1 summary
Related image




ལོ་ངོ་ཐེར་འབུམ་མང་པོའི་རིང་དམག་འཁྲུག་ཆེན་པོ་ཞིག་ལངས་ནས་ང་ཚོར་སྣང་བ་ཙམ་ཡང་མ་བྱུང་བའི་ངང་ད་བར་ཉིན་རེར་སེམས་ཅན་ཁྲག་ཁྲིག་མང་པོ་འཆི་བཞིན་ཡོད།

འཇིགས་སུ་རུང་བའི་དམག་འཁྲུག་དེ་ནི་གོ་ལ་འདིའི་ཐོག་ལག་དམར་སེམས་ཅན་ཁྱེར་རྐྱང་བ་ཞིག་སྟེ་ཕྲ་སྲིན་གྱི་རྟེན་ལ་གནས་པའི་དུག་སྲིན་ཞིག་གིས་སླངས་པ་རེད། དེའི་བསྡུས་མིང་ལ་ཕེཇ་ཟེར། དུག་སྲིན་ཕེཇ་ནི་གསོན་པོ་རང་མིན་ལ་ཤི་ཚར་བ་ཞིག་ཀྱང་མ་ཡིན། མ་ཟད་ཁོང་ཚོ་མི་ཞིག་གིས་བཟོ་བསྐྲུན་བྱས་པ་ལྟ་བུ་ཡོད། ཁོང་ཚོའི་མགོ་ནི་ངོས་མང་གཟུགས་ཅན་ཞིག་སྟེ། ཤོ་གཟུགས་ཞིག་ལ་ངོས་༢༠དང་ཟུར་༣༠ཡོད་པ་ལྟ་བུ་ཞིག་གོ འདི་ནང་དུག་སྲིན་གྱི་རིགས་རྫས་རྒྱུ་ཆ་ཡོད་པ་དང་རྒྱུན་དུ་རྐང་འདྲའི་རྩིད་སྐུད་ཅན་གྱི་རྔ་མ་རིང་པོ་ཞིག་གི་སྟེང་ལ་སྡོད་ཀྱི་ཡོད།


གོ་ལ་འདིའི་སྟེང་ཕྲ་སྲིན་ཚུད་པའི་སྐྱེ་དངོས་གཞན་ཡོངས་ཀྱི་སྡོམ་གྲངས་ལས་ཕེཇ་ཀྱི་གྲངས་འབོར་མང་བ་ཡོད། དེ་དག་ནི་ཕལ་ཆེར་སྐྱེ་དངོས་ཡོད་ས་གང་སར་ཡོད། ད་ལྟ་ཁྱེད་ཀྱི་ལག་པ་དང་རྒྱུ་མའི་ནང་དང་ད་དུང་མིག་ཤོག་བཅས་ཀྱི་སྟེང་ལ་ཐེར་འབུམ་མང་པོ་ཡོད། ཕེཇ་ནི་གོ་ལའི་སྟེང་འཆི་རྐྱེན་མང་ཤོས་ཆགས་ཀྱི་ཡོད་དུས་ཁྱེད་ཀྱིས་དེ་གོ་དུས་ཚ་ག་ཚི་གེ་ཆགས་སྲིད་ཀྱང་རང་ཞེད་དགོས་དོན་མེད། རང་བསོད་ནམས་ཅན་ཞིག་རེད་ལ་། ཁོང་ཚོས་ཟས་ལ་རྔོན་དུས་ཕྲ་སྲིན་མ་གཏོགས་གསོད་ཀྱི་མེད།

ཉིན་རེར་རྒྱ་མཚོའི་ཕྲ་སྲིན་བསྡོམས་ཀྱི་བརྒྱ་ཆ་ ༤༠ ཙམ་ཁོང་ཚོས་གསོད་ཀྱི་ཡོད། འོན་ཀྱང་ཕེཇ་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི། དུག་སྲིན་གཞན་ལྟར་ཕེཇ་ལ་ཡང་འཚོ་གནས་དང་རིགས་རྒྱུད་སྐྱེད་སྤེལ་ཆེད་གནས་ཚང་དགོས་པ་ཡིན། ཁོང་ཚོ་ནི་ཤུན་སྐྱོགས་ནང་གི་རིགས་རྫས་རྒྱུ་ཆ་ཙམ་རེད་ལ་ཆེད་ལས་མཁས་ཅན་ཡང་རེད། ནམ་རྒྱུན་ཕེཇ་ཀྱིས་ཕྲ་སྲིན་བྱེ་བྲག་པ་ཞིག་དང་དེ་དང་ཉེ་འབྲེལ་ཆེ་བ་འགའ་འདེམ་གྱི་ཡོད། འདི་དག་ནི་ཁོའི་བརྔོན་བྱ་རེད། དེ་ནི་འཕུར་མདའ་འཁྱམ་པོ་ཞིག་ལམ་ལྷོང་མེད་པའི་ཁྱིམ་ཚང་ཞིག་གི་ཐོག་ལྷུང་ནས་ཁྱིམ་མི་ཚང་པ་བསད་སོང་བ་ལྟ་བུ་རེད།

ནམ་ཞིག་ཕེཇ་རང་གི་གནོད་ཡུལ་དང་འཕྲད་དུས་རང་གི་རྔ་མ་དེ་གནོད་ཡུལ་གྱི་སྣེ་ལེན་ར་བར་སྤྱར་ནས་ཆུ་མདའ་ལྟ་བུ་ཞིག་སྤྱོད་ནས་ངོས་རྟོལ་གྱི་ཡོད། གཡོ་འགུལ་ཁྱད་འཚར་ཞིག་གི་ནང་ལ་ཕེཇ་དེས་རང་གི་རྔ་མ་བཅུར་ནས་རིགས་རྫས་རྒྱུ་ཆ་ནང་འཇུག་བྱེད་ཚར་རྗེས་སྐར་མ་གཅིག་གི་ནང་ལ་ཕྲ་སྲིན་དེར་དབང་སྒྱུར་བ་ཡིན། ད་ཆ་ཁོས་ཕྲ་སྲིན་དེར་བཙན་དབང་གིས་ཕེཇ་ཀྱི་ཆ་ཤས་ཚང་མ་གསར་བསྐྲུན་བྱེད་དུ་འཇུག་པ་དང་ཕེཇ་གསོ་མ་ལེགས་གྲུབ་ཚར་རྗེས་མ་གཏོགས་ལས་མཚམས་འཇོག་ཏུ་མི་འཇུག མཐའ་མཇུག་དེར་ཁོང་ཚོས་ཕྲ་སྲིན་ལ་ཨི་ཁུང་རྟོལ་མཁན་གྱི་སྨིན་རྫས་ནུས་ལྡན་ཞིག་སྐྲུན་པ་དང་། རྫས་དེའི་གནོན་ཤུགས་ཧ་ཅང་ཆེ་བའི་རྐྱེན་གྱིས་ཕྲ་སྲིན་གྱིས་ནང་གི་ཡོད་ཚད་ཕྱིར་སྐྱུགས་ནས་ཕྲ་སྲིན་རང་ཉིད་ཤི་འགྲོ་བ་ཡིན། ཕེཇ་གསར་པ་མ་ཚང་མ་ཕྱིར་སློད་ཚར་རྗེས་སླར་ཡང་འཁོར་སྐྱོད་དེ་འགོ་འཛུགས་བྱེད།


འདས་པའི་ལོ་ཤས་ཤིག་གི་ནང་ལ། ཕེཇ་ཕྲ་སྲིན་དེས་གོ་ལ་འདི་ཐོག་གི་ལག་དམར་སེམས་ཅན་གཉིས་པ་མི་ཡིས་ཁོང་ཚོར་བྱས་པའི་དོ་སྣང་ལ་སྤྲོ་སྐྱིད་བཏང་ཡོད། ཉེ་ཆར་ང་ཚོས་ཁོང་ཚོ་འཐེར་འབུམ་མང་པོ་ང་ཚོའི་ལུས་ནང་ནང་འཇུག་བྱེད་པར་བལྟ་འགོ་ཙུགས་པ་ཡིན། ང་ཚོས་དེ་ལྟར་ནང་འཇུག་བྱེད་དགོས་དོན་ནི་ང་ཚོས་དུག་སྲིན་དང་དམག་འཐབ་བྱས་པའི་བརྒྱུད་རིམ་ནང་ང་ཚོས་གང་ཡོང་ཅི་ཡོང་བྱས་ནས་ད་ཆ་ང་ཚོ་བྱེད་ཐབས་ཟད་ནས་རེ་བ་རླག་གྲབས་ཆགས་པས་རེད།

གནའ་སྔ་མོ་ཡིན་ན་རྨ་ཁ་གཅིག་གམ་འདམ་ཆུ་ཁ་གང་འཐུང་བས་ཁྱེད་རང་འཆི་སྲིད། དེ་དུས་ཕྲ་སྲིན་ཚོ་ནི་ང་ཚོའི་ཕེཇ་རེད་ལ་ང་ཚོ་རྔོན་མཁན་སྙིང་རྗེ་སྤུ་ཙམ་མེད་མཁན་གྱི་གཤིན་རྗེ་ཕྲ་མོ་དེ་རེད། འོན་ཀྱང་ལོ་ ༡༠༠ ཡི་ཡར་སྔོན་དེར་ང་ཚོར་རང་བྱུང་ཁམས་ནས་སྟེས་དབང་གིས་ཐབས་ལམ་ཞིག་རྙེད་ཡོད་པ་ནི་ང་ཚོར་ཕྲ་སྲིན་གསོད་རྫས་སྐྲུན་མཁན་གྱི་ཧམ་བུ་ཞིག་རྙེད་པ་དེ་རེད།

ནད་འབུ་འགོག་སྨན་དེ་ནི་གློ་བུར་དུ་ང་ཚོར་ལག་སོན་བྱུང་བའི་སྟོབས་ཤུགས་ཆེ་བའི་མཚོན་ཆ་ཞིག་རེད། ནད་འབུ་འགོག་སྨན་དེ་གནད་སྨིན་ཐག་ཆོད་ནས་ང་ཚོས་ཕྲ་སྲིན་ཚོ་སྲིན་པོ་ཡིན་བསམ་པ་ཡང་བརྗེད་པ་རེད་ལ། ང་ཚོའི་ཁྲོད་ནས་རྒས་ཤིང་ཁོགས་པ་རྣམས་དང་གཅོང་པོ་རྣམས་མ་གཏོགས་ཁོང་ཚོས་བསད་ཐུབ་མེད། ང་ཚོས་ནད་གཞི་ཆུང་ཙག་ནས་ཆུག་ཙག་རིགས་ལ་ནད་འབུ་འགོག་སྨན་མང་ནས་མང་དུ་སྤྱོད་ནས་ང་ཚོས་སྲིན་པོ་ཚོ་དང་ཁོང་ཚོའི་མཚོན་ཆར་སྣང་མེད་ཤོར་བ་རེད།

ཕྲ་སྲིན་ཚོ་ཡང་ང་ཚོ་བཞིན་སྐྱེ་ལྡན་ཡིན་དུས་ཁོང་ཚོ་ཡང་དུས་དང་ཁོར་ཡུག་ལ་བསྟུན་བཞིན་འཕེལ་འགྱུར་ཕྱིན་པ་དང་། ད་ཆ་ཁོང་ཚོ་རེ་རེ་བཞིན་ང་ཚོའི་མཚོན་ཆར་འགོག་སྲུང་ཐུབ་པ་བྱུང་བ་རེད། གནས་སྟངས་འདི་ང་ཚོའི་རྐྱེན་པས་དེ་རྣམས་འབུ་སྟོབས་ཅན་ཞེས་པ་དེར་མ་འགྱུར་གྱི་བར་དུ་མུ་མཐུད་ལྷག་པ་རེད། ཕྲ་སྲིན་ཚོ་ནི་ང་ཚོར་ཡོད་པའི་(སྨན་)ཚང་མར་སྔོན་འགོག་ཐུབ་ཀྱི་ཡོད་ལ་འགོག་གཤིས་འདི་ནི་གོ་ལའི་ཁྱོན་ལ་དུས་ད་ལྟ་ཡང་འཕེལ་རྒྱས་འགྲོ་བཞིན་ཡོད།

༢༠༥༠མཚམས་སུ་འབྲས་ནད་ལས་མང་བར་ཕྲ་སྲིན་སྟོབས་ཅན་གྱིས་མི་གསོད་ནུས་པ་ཆགས་ཐུབ་པ་དང་། དེ་སྔོན་རྨ་ཁ་ཆུང་ཆུང་དང་གཅིན་ལྒང་གཉན་ཁ་ཡང་ན་གློ་རྒྱག་བཅས་འཆི་རྐྱེན་ཆགས་ཀྱི་ཡོད་པ་དེ་སླར་ཡང་ང་ཚོའི་འཆི་རྐྱེན་ཆགས་རྒྱུ་རེད། ཨ་རི་གཅིག་པོའི་ནང་ལ་ལོ་རེར་མི་གྲངས་ ༢༣༠༠༠ ཕྲ་སྲིན་དེའི་རྐྱེན་པས་འཆི་བཞིན་ཡོད།


འོན་ཀྱང་མིས་བཟོས་གཉན་སྲིན་ཕྲ་མོ་ཕེཇ་ཀྱིས་ང་ཚོ་སྐྱོབ་སྲིད་པ་ཞིག་རེད། ནད་གསོས་རོགས་བྱེད་པར་དེ་དག་ང་ཚོའི་ལུས་ཀྱི་ནང་དུ་ནང་འཇུག་བྱེད་འཐུས། སྒུག་ཨ། གཉན་སྲིན་དེ་འདྲ་མང་པོ་ནད་པ་ཞིག་ལ་ནང་འཇུག་བྱེད་པ་དེ་བྱུས་ཡག་པོ་ཞིག་ཡིན་ནམ། ཕེཇ་ཚོ་ནི་ཕྲ་སྲིན་གསོད་མཁན་དམིགས་གསལ་ཆེད་ལས་པ་ཞིག་རེད་ལ། དོན་དངོས་སུ་མི་ནི་རང་བཞིན་གྱིས་དེ་དག་ལ་འགོག་སྲུང་ཐུབ་ཀྱི་ཡོད།

ང་ཚོ་ཉིན་རེར་ཕེཇ་འབུམ་ཕྲག་མང་པོར་གདོང་ཐུག་རྒྱག་གི་ཡོད་རུང་། ང་ཚོས་ཁོང་ཚོ་རེ་རེ་བཞིན་གུས་པའི་ངང་སྣང་མེད་བྱེད་ཀྱི་ཡོད། ནད་འབུ་འགོག་སྨན་ནི་ཁྱོན་ཡོངས་ནས་གཏོར་རྒོལ་བྱེད་མཁན་གྱི་འབར་རྫས་དང་འདྲ་བར་ཚང་མ་སྡེབ་གསོད་བྱེད་པ་དང་མཐའ་ན་ང་ཚོས་གནོད་པ་སྐྱལ་འདོད་མེད་པའི་རྒྱུ་མའི་ནང་གི་ཕྲ་སྲིན་ཡག་པོ་ཚོ་ཡང་གསོད་ཀྱི་ཡོད།


ཕེཇ་ཚོ་ནི་སྣེ་འདྲེན་འཕུར་མདའ་བཞིན་གང་ཞིག་ལ་དམིགས་པ་དེ་ཉིད་གཅིག་པོར་རྒོལ་གྱི་ཡོད། འོ་ན་གལ་ཏེ་ང་ཚོས་ཕེཇ་ཕྲ་སྲིན་གསོད་པར་སྤྱོད་ཚེ་ཕྲ་སྲིན་ཚོ་ཡང་དེ་ལ་གདོང་ལེན་ཐུབ་པ་མི་ཆགས་སམ། རེད། དེ་ནི་རྙོག་དྲ་ཚ་བོ་ཞིག་རེད། ཕེཇ་ཚོ་ཡང་འཕེལ་འགྱུར་བྱུང་གི་ཡོད། ལོ་ངོ་འཐེར་འབུམ་མང་པོའི་རིང་ལ་ཕྲ་སྲིན་དང་ཕེཇ་བར་གོ་མཚོན་འགྲན་རྩོད་བྱུང་ཡོད་པ་དང་འགྲན་རྩོད་དེ་ད་བར་ཡག་པོ་བྱུང་ཡོད། འགྲན་རྩོད་དེའི་ཁྲོད་ནས་ཕེཇ་མཚོན་ཆ་ལེགས་པོ་ཞིག་ཏུ་འགྱུར་ནས་ཕྲ་སྲིན་གསོད་རྒྱུར་སྣང་དག་མེད་པ་ཞིག་ཆགས་པ་རེད།

གལ་ཏེ་ཕྲ་སྲིན་ཚོ་ང་ཚོའི་ཕེཇ་ལ་འགོག་སྲུང་ཐུབ་ན་ཡང་ང་ཚོ་ད་དུང་རྒྱལ་ཁ་ལོན་ཐུབ་སྲིད་པ་རེད། སྣང་ཚོད་ལ་ཕེཇ་རིགས་ཁ་ཤས་ཙམ་ལ་ཡང་འགོག་སྲུང་ཐུབ་པར་ཕྲ་སྲིན་ཚོར་ཁོང་ཚོར་ཡོད་པའི་ནད་འགོག་སྨན་གྱི་འགོག་སྲུང་དེ་བློས་གཏོང་བྱེད་དགོས། གཅིག་བྱས་ན་ང་ཚོས་དེ་དག་འཐར་ས་མེད་པའི་རྒྱ་རུ་བཅུག་ཐུབ་སྲིད།

དེ་ནི་རེ་བ་གཅིག་ཀྱང་མ་ལུས་པའི་ནད་པ་ཞིག་གི་སྟེང་ལ་ཚོད་ལྟ་བྱས་ནས་གྲུབ་འབྲས་མཐར་འཁེལ་བྱུང་ཡོད། ཞེད་སྣང་ཆེ་ཤོས་བྱེད་དགོས་སའི་ཕྲ་སྲིན་(སུ་གྲོས་མོ་ནས)་ཞེས་པ་ཞིག་གིས་ནད་པ་དེའི་མཆིན་པའི་བུ་གར་ནད་གཞི་བཟོས་ཡོད་ཅིང་ཁོ་ཚོ་རང་བཞིན་གྱིས་ནད་འགོག་སྨན་ལ་འགོག་སྲུང་ལྡན་ཡོད་པ་དང་བཟི་རྫས་ཅན་གྱི་ལག་པ་བཀྲུ་སྨན་ལས་ཀྱང་ཐར་ཐུབ་ཀྱི་ཡོད། ལོ་མང་རིང་ན་བའི་རྗེས་ལ་ཕེཇ་སྟོང་ཕྲག་ཁ་ཤས་ནད་འགོག་སྨན་དང་ལྷན་དུ་འགོག་སྲུང་ལྡན་པའི་ཕྲ་སྲིན་ལ་ཁ་གཏད་ཆེད་ཁོའི་མཆིན་པའི་བུ་གར་ཐད་དཀར་ནང་འཇུག་བྱས་པ་རེད།
མཆིན་པའི་བུ་གར་ཕེཇ་ཐད་དཀར་ནང་འཇུག་བྱེད་བཞིན་པའི་རྣམ་པ།
གཟའ་འཁོར་འགའ་ཡི་རྗེས་ལ་ནད་གཞི་དེ་རྩ་ནས་ཡལ་སོང་འདུག ཕངས་པ་ཞིག་ལ་བཅོས་ཐབས་འདི་ད་ལྟ་ཡང་ཚོད་ལྟའི་གནས་སུ་ཡོད་པ་དང་། སྨན་ཚོང་བཟོ་གྲྭ་ཚོས་ཀྱང་གཞུང་འབྲེལ་ཆོག་མཆན་མེད་དུས་སྨན་བཅོས་ཐོག་ནས་ཁེ་བཟང་ལྡན་པའི་ཚོང་འདིར་དང་ལེན་བྱེད་ཀྱི་མེད།

འོན་ཀྱང་མཐའ་མཇུག་དེར་གནས་སྟངས་འགྱུར་བ་ཐེབས་བཞིན་ཡོད། ༢༠༡༦ ལོར་ད་བར་གྱི་ཕེཇ་སྨན་བཅོས་ཚོད་ལྟ་ཆེ་ཤོས་དེ་བྱས་ཡོད་པ་དང་དེ་རྗེས་སྨན་བཅོས་ཁོར་ཡུག་ནང་ཕེཇ་སྟེང་དོ་སྣང་ཤུགས་ཆེར་ཕྱིན་ཡོད།

ད་ང་ཚོ་ཕེཇ་དང་འབྲེལ་དྲིས་མང་ཙམ་བྱེད་ན་དགའ་བ་ཡོད་རེད། གང་ཡིན་ཞུ་ན་ནད་འབུ་འགོག་སྨན་ང་ཚོའི་མཚོན་ཆ་བཟང་ཤོས་སུ་བརྩི་བའི་བསྐལ་བ་དེ་མཇུག་བསྡུ་རན་ཡོད།

རྣམ་བཞག་འདི་ཁྱད་མཚར་ལྟ་བུ་ཞིག་སྣང་སྲིད་ཀྱང་གོ་ལའི་སྟེང་གི་འཇིགས་རུང་ལག་དམར་སེམས་ཅན་དེ་ཐད་དཀར་ང་ཚོའི་ལུས་ཀྱི་ནང་དུ་ནང་འཇུག་བྱེད་པ་དེས་ཚེ་སྲོག་མང་པོ་སྐྱོབ་ཐུབ་ངེས་རེད།
རྩོམ་ཡིག་གི་ཁུངས།

No comments

Post a Comment

Like us on Facebook