"གྱོན་ཆས་ལེགས་ཤོས་དེ་ནི་གང་ཟག་རང་ཉིད་ཀྱི་པགས་པ་དེ་རེད། འོན་ཀྱང་། སྤྱི་ཚོགས་ནང་ད་དུང་འདི་ལས་མང་བ་དགོས་གལ་ཆགས་ཡོད།" མརྐྰ་ ཊི་ཝིན།
ཁྱེད་དང་ཕྱིའི་འཇིག་རྟེན་གྱི་བར་ལ་མཐུད་མཚམས་ཤིག་ཡོད། དེས་ཁྱེད་ཀྱི་ལུས་ཀྱི་ལྗིད་ཚད་བརྒྱ་ཆ་༡༦ ཙམ་ལོན། འདི་ནི་ཁྱེད་ཀྱི་པགས་པ་སྟེ་ཁྱེད་ཀྱི་ལུས་དབང་ཆེ་ཤོས་དེ་རེད། པགས་པ་དེ་ས་ལ་བཀྲམ་ཚེ་ས་གཞི་མི་ཌར་གསེག་མ་ ༡་༧ ཙམ་ཁེབས་ཐུབ། འདི་ཡི་བྱེད་ལས་ནི་ང་ཚོར་མངོན་གསལ་ལྟར་ལུས་ཀྱི་ནང་རོལ་ཀུན་ནང་འཇོག་བྱེད་རྒྱུ་དེ་རེད། འོན་ཀྱང་ངོས་ཀྱི་ཕྱི་ལོགས་ནས་བལྟས་ན། འདིས་ང་ཚོའི་འཚོ་བའི་ནང་ཧ་ལས་དགོས་པའི་ལས་དོན་མང་པོ་གཉེར་བ་གསལ་པོ་བསྟན་ཡོད།
དང་པོ་གཞི་རྩ་ཁག
པགས་པ་ནི་སྐྱི་པགས་མ་ལག་གི་གཞི་རྟེན་ཡིན་པ་དང་དེས་སྐྲ་དང་སེན་མོ་དང་དམིགས་གསལ་ཅན་གྱི་རྨེན་བུ་དང་དབང་རྩ་བཅས་དང་ལྷན་དུ་མཉམ་ལས་བྱེད། པགས་པ་ནི་རྩེགས་རིམ་གསུམ་སྟེ། ཕྱི་པགས་དང་། དངོས་གཞིའི་པགས་རིམ། པགས་འོག་བཅས་ཀྱིས་སྒྲུབ་ཡོད། སྲབ་ཤོས་སུ་མྰི་ལི་མི་ཌར་ (མི་ཌར་གྱི་སྟོང་ཆ་) ༠་༥ ནས་ མཐུག་ཤོས་སུ་མྰི་ལི་མི་ཌར་བཞི་བཅས་སུ་ཡོད་པའི་པགས་པའི་མཐུག་ཚད་མི་འདྲ་བ་མང་པོ་ཡོད།
འདིས་བྱེད་ལས་དམིགས་གསལ་བ་གསུམ་སྟེ། སྲུང་སྐྱོབ་དང་། ཚ་དྲོད་སྟངས་འཛིན། རང་ཉིད་ཀྱི་ནུས་ཚད་ལས་བརྒལ་བའི་ཕྱིའི་འཁོར་ཡུག་ལ་རེག་ཚོར་བྱེད་པ་དང་། རྒྱུན་ལྡན་གྱི་གནས་སྟངས་འོག་པགས་པའི་རྒྱ་ཁྱོན་མང་ཆེ་བས་ལུས་ཀྱི་རེག་ཚོར་སྟོང་ཕྲག་ལས་མ་བརྒལ་རུང་བརྒྱ་ཕྲག་ཁ་ཤས་བསྐྲུན་གྱི་ཡོད། དེ་ཡང་མང་ཆེ་བ་མྰར་ཀེལ་ཕྲ་ཕུང་དུ་འབོད་པའི་གནོན་ཤུགས་ཚོར་རྐྱེན་ཅན་གྱི་པགས་པའི་ཆ་ཤས་ལ་བསྟེན་ཡོད། ཁྱེད་ཀྱི་མཛུབ་རྩེ་གཅིག་པོའི་ནང་གི་པགས་པའི་ཁྱོན་སེན་ཌི་མི་ཌར་(མི་ཌར་གྱི་བརྒྱ་ཆ་)གསེག་མ་རེ་ལ་མྰར་ཀེལ་ཕྲ་ཕུང་༧༥༠ རེ་ཡོད། དེ་དང་མར་ཁེལ་སྣེ་ལེན་པ་༢༥༠༠ ཙམ་མཉམ་ལས་ཀྱིས་ཁྱེད་ལ་རེག་ཚོར་སྦྱིན་པ་ཡིན།
ངོས་འདི་ནི་ལུས་པོའི་བདེ་སྲུང་ར་བ་ཆེ་ཤོས་དང་པོ་དེ་ཡིན། པགས་པ་དེ་མེད་ཚེ་ཁྱེད་ནི་ཕུང་གྲུབ་དང་བརླན་གཤེར་གྱིས་བངས་པའི་གོང་བུ་ཙམ་ཞིག་རེད་ལ་གཉེན་ཚབ་ཆེན་པོས་རྩ་རྫས་དག་ལ་རང་སོར་འགྲོ་ངེས། པགས་པས་གནད་སྨིན་པོའི་ཐོག་ནས་ལུས་ཀྱི་ནང་རོལ་ཀུན་འགེབ་པར་བྱེད། ད་དུང་ཕྱིའི་གནོན་ཤུགས་དང་གློ་བུར་བའི་རྡབ་སྐྱོན་ཁག་ལ་མཉེན་ལྕུག་ལྡན་པའི་རྩིད་སྐུད་ཚོགས་ཅན་གྱི་སྤྲི་དཀར་གྱིས་ཁ་གནོན་བྱེད། དངོས་གཞི་པགས་རིམ་མང་ཤོས་དེས་སྒྲུབ་ཡོད། ཕྱིའི་པགས་རིམ་ནི་གཙོ་བོ་ཀེར་ཊིན་ཕྲ་ཕུང་དུ་སྒྲགས་པའི་པགས་པའི་ཕྲ་ཕུང་གིས་སྒྲུབ་ཡོད། དེ་དག་གཟའ་འཁོར་བཞི་རེ་ནང་ཡོངས་སུ་བརྗེ་སྒྱུར་ཐེབས། ཕྱི་པགས་ཀྱི་གཤམ་ནས་ཕྲ་ཕུང་གསར་བ་ཆགས་དུས་ཕྲ་ཕུང་རྙིང་པ་རྣམས་སྟེང་ལ་འབུད་ཀྱི་ཡོད། ཕྲ་ཕུང་དེ་དག་སྟེང་ཕྱོགས་སུ་སྤོ་བཞུད་བྱེད་དུས་དེ་རྣམས་ཀེར་ཌིན་དུ་འབོད་པའི་སྤྲི་དཀར་ཁྲེགས་པོ་ཞིག་གིས་ཁེངས་ཡོད།
ནམ་ཞིག་དེ་དག་ཕྱི་དངོས་སུ་ཐོན་སྐབས་ཚགས་དམ་ངང་སྣོལ་ལྟེབ་རྒྱབ་པའི་ཆུ་འགོག་རིམ་པ་ཞིག་བསྐྲུན་པ་དང་། དེས་དུག་སྲིན་ཕྲ་མོ་དག་ནང་འཛུལ་བྱེད་ཁག་པོ་བཟོ་གྱི་ཡོད། ཕྱི་པགས་ནས་ནང་འཛུལ་ཐུབ་པའི་གཉེན་ཚབ་ཅན་གྱི་དྲུག་སྲིན་ཕྲ་མོ་དག་ལ་ལྰང་ངར་ཧན་ཕྲ་ཕུང་གིས་འཐབ་མོ་བྱེད། པགས་པའི་ཉེན་སྐྱོབ་ཕྲ་ཕུང་ཚན་པ་འདི་ཡིས་བཙན་འཇུལ་བ་རྩད་གཅོད་ནས་ནད་འགོག་མ་ལག་གི་ཌི་ཕྲ་ཕུང་ལ་བཙན་འཛུལ་བ་འབྱོར་ཡོད་པའི་བརྡ་ལན་གཏོང་བ་དེས་གཉན་འཇོམས་ཡ་ལན་སློང་བའི་ལས་ལ་འཇུག་པ་ཡིན། གཉན་འཇོམ་སྲུང་སྐྱོབ་ཀྱི་འགང་ཆེ་བའི་ཁྱད་ཆོས་ཤིག་ནི་སྐྱེ་དངོས་ཕྲ་མོའི་ཉེ་རིགས་སྟོང་ཕྲག་མང་པོ་པགས་པའི་ངོས་འཁོད་སྙོམ་ས་དང་སུལ་ཡོད་ས་དེ་བཞིན་སེར་ཀ་ཡོད་ས་བཅས་སུ་གནས་བཅའ་བ་དེ་ཡིན། ཕྲ་སྲིན་དང་ཧམ་སྤུ་ཚུད་པའི་སྐྱེ་དངོས་ཕྲོ་མོ་འདི་དག་སྰེ་བུམ་ནང་འཚར་འཕེལ་བྱེད་པ་དང་སྰེ་བུམ་ཞེས་པ་དེ་པགས་པའི་ངོས་སུ་ཐོན་པའི་ཚིལ་ཞག་ཅན་གྱི་རིགས་ཤིག་རེད། དེ་ཡང་དངོས་གཞིའི་པགས་རིམ་གྱི་ཁུག་ཏུ་གནས་པའི་ཚིལ་ཞག་རྨེན་བུ་ནས་འཛག་ཐོན་བྱེད། པགས་པའི་སྐྱེ་དངོས་ཕྲ་མོ་འདི་དག་གིས་ནད་འགོག་མ་ལག་དུས་རྒྱུན་དུ་དོགས་སྲུང་བྱ་ར་བྱེད་བཞིན་གནས་སུ་བཅུག་ནས་གལ་ཏེ་ལུས་པོ་གཉེན་ཁ་ནང་ལྷུང་ཚེ་ལམ་གསེང་ཡ་ལན་བྱེད་ཆོག་ཆོག་ཡིན་པའི་ངེས་བརྟན་བྱེད་པ་ཡིན། བདེ་སྲུང་གི་བྱ་བ་འདི་ལས་གཞན་དུ་ཁྱེད་ཀྱི་པགས་པ་ནི་ད་དུང་ཁྱེད་ཀྱི་ལུས་དྲོད་སྟངས་འཛིན་བྱེད་པའི་རེག་ཚོར་དབང་པོ་ཞིག་ཀྱང་རེད། བྱ་བ་དེ་གཉིས་ནི་ཕན་ཚུན་བར་འབྲེལ་ལམ་ཟབ་མོ་ཡོད།
དབང་རྩས་ཁྱེད་ཀྱི་པགས་པ་གྲང་དྲོད་གང་ཆགས་ཡོད་མིན་ཤེས་རྟོགས་བྱས་ནས་གནས་ཚུལ་དེ་ཁྱེད་ཀྱི་ཀླད་པར་བརྡ་སྐྱེལ་བྱེད། ཚུར་ལ་ཀླད་པས་ཉེ་འཁོར་གྱི་ཁྲག་རྩ་དག་ལ་གལ་ཏེ་གཟུགས་པོའི་དྲོད་ཚད་རྒྱས་ཡོད་ཚེ་ཁྲག་རྩ་ཆེ་རུ་གཏོང་ནས་ཁྲག་ནང་གི་ཚ་དྲོད་པགས་པ་བརྒྱུད་ཕྱིར་བཏོན་དགོས་པ་དང་། གལ་ཏེ་ལུས་པོ་ཁྱགས་ཀྱི་ཡོད་ཚེ་ཁྲག་རྩ་སྐུམ་ནས་དྲོད་ཉར་ཚགས་བྱེད་དགོས་པའི་སྐུལ་སློང་བྱེད། དུས་ཚོད་གང་འདྲ་ཞིག་ལ་ཡང་གཟུགས་པོའི་ཁྲག་གི་བརྒྱ་ཆ་ ༢༥ ཙམ་དངོས་གཞི་པགས་པ་བརྒྱུད་འཁོར་བསྐྱོད་བྱེད་པ་ཡིན། རྒྱུད་རིམ་དེ་ལེགས་པོར་བྱེད་པ་ལ། དྲོད་ཀྱི་གནས་སྟངས་འོག་ལ་རྔུལ་ཆའི་རྨེན་བུས་ཆུ་སྦུག་བརྒྱུད་རྔུལ་ཆུ་འདོན་པ་དང་དྲོད་ཕྱི་རུ་གནས་སྤོ་བྱེད།
སྐྲ་ཡང་ལུས་ཀྱི་དྲོད་ཚད་གཉར་བ་དང་ཕྱིར་གཏོན་ཆེད་ཏུ་སྐུལ་རྐྱེན་བྱེད་འཐུས། ཆ་སྙོམས་ཐོག་ན་མི་ཚོར་སྐྲ་རྩེའི་བུར་ཤུབ་འཐེར་འབུམ་ ༥ ལྷག་ལུས་ཀྱི་ཆ་གང་སར་འཛུད་ཡོད་དེ། ལག་འཐིལ་དང་རྐང་འཐིལ་མ་གཏོགས་པ་ལའོ། ༩༠ ནས་༡༥༠༠༠༠ བར་ཐོད་པགས་སྟེང་ཡོད་ཅིང་དེར་དེ་དག་གིས་མགོ་ཡི་ཁྱོན་ཆེན་པོ་དེ་ལུས་ཀྱི་སྐྱོན་ཆག་དང་ཉི་སྲེག་ལས་འགེབས་སྲུང་བྱེད་པ་ཡིན། ཁྱེད་རང་ཁྱགས་དུས་སུ་ཨེ་རིཀ་ཌར་པི་ལི་ཟེར་བའི་ཤ་རྒྱུས་ཕྲ་མོ་དེས་ལུས་ཡོངས་ཀྱི་བ་སྤུ་དག་ཁར་ཐུག་ཡར་འགྲེང་བར་བྱེད། དེ་ནི་ངུར་འབུར་དུ་གོ་བའི་ཆོས་དེ་ཡིན་པ་དང་དེས་ལུས་ཀྱི་ཚ་དྲོད་པགས་པའི་འགྲམ་ལ་སྐྱིལ་ནས་བཞག། རྒྱ་ཆེ་བའི་པགས་པའི་ངོས་ནི་གེབས་སྲུང་ཡོ་ཆས་ཙམ་མིན་ཏེ། འདིས་ང་ཚོ་དང་ཕྱིའི་འཇིག་རྟེན་བར་གྱི་ཕན་ཚུན་འབྲེལ་ལམ་ཐུབ་པའི་མཐུན་རྐྱེན་སྦྱོར་གྱི་ཡོད། འདི་ཡི་སྣ་མང་བྱེད་ལས་ལྡན་པའི་པགས་རིམ་གྱིས་ང་ཚོ་བསིལ་པོ་དང་དྲོན་མོར་གཉར་གྱི་ཡོད། ང་ཚོའི་སྐྱི་པགས་མ་ལག་ནི་མང་པོ་ཡིན་ཤས་ཆེ་ཡང་ པགས་པའི་གཏིང་ཚད་ལས་དོན་དམ་དུ་མང་བ་རེད།
པགས་པའི་ཚན་རིག་སྐོར་གྱི་བརྙན་འཐུང་འདི་ཚན་རིག་ཤེས་བྱའི་སྐོར་ལ་འགྲེལ་བརྗོད་བྱེད་སའི་Ted Ed ཞེས་པ་དེ་ནས་ཕབ་ལེན་བྱས་ཤིང་ནང་དོན་བོད་ཡིག་ནང་གང་ནུས་ཀྱིས་ཡིག་བསྒྱུར་ཞུས་ཡོད་། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་ནང་ཚན་རིག་ཤེས་བྱའི་ཁ་སྐོང་བྱེད་རྒྱུ་དང་ལྷག་པར་དུ་ཚན་རིག་སྦྱོང་བཞིན་པའི་གྲྭ་བཙུན་ཚོར་མཐུན་རྐྱེན་ཆེད་དམིགས་ནས་ཚན་རིག་གི་ཤེས་བྱ་གང་མང་ནང་འདྲེན་ལ་་ངལ་བ་བྱེད་བཞིན་ཡོད་པས་ཕན་ཚུན་ལ་བརྒྱུད་བསྐུར་གྱི་ལམ་ནས་ང་ཚོར་རྒྱབ་སྐྱོར་གནང་རོགས།
No comments
Post a Comment