Saturday, 27 May 2017

སྐར་དཔྱད་རིག་པའི་སྡོམ་ཚིག

  སྐར་དཔྱད་རིག་པའི་སྡོམ་ཚིག་རང་བློའི་བརྗེད་བྱང་ཞེས་བྱ་བ། ཐེ་བོ་ལེགས་པ་རྒྱ་མཚོ། ཀློག་གྲངས། 2646 མུ་མེད་འཇིག་རྟེན་ཁམས། ག... thumbnail 1 summary

སྐར་དཔྱད་རིག་པའི་སྡོམ་ཚིག་རང་བློའི་བརྗེད་བྱང་ཞེས་བྱ་བ།



ཐེ་བོ་ལེགས་པ་རྒྱ་མཚོ།

ཀློག་གྲངས། 2646

མུ་མེད་འཇིག་རྟེན་ཁམས།



གཡའ་དག་མཚན་མོའི་མཁའ་དབྱིངས་སུ།།
སྐར་ཚོགས་ཐེར་འབུམ་འོད་ལྷམ་ལྷམ།།
ཡ་མཚན་ཆེ་བའི་ལྟད་མོ་དེའི།།
མངོན་ལྐོག་གནས་ཚུལ་འདི་ན་གསལ།།

མཐའ་མེད་སྟོང་པའི་དབྱིངས་རིམ་ན།།
འཇིག་རྟེན ་ཐེར་འབུམ་མང་པོ་མཆིས།།
འཇིག་རྟེན་རེ་རེའི་ཁྱབ་ཁོངས་སུ།།
དགུ་ི་་གསཐེར་འབུམ་ཕྱོགས་སུ་བཀྲམས།།

སྤྱིར་ན་འཇིག་རྟེན་ཁམས་ཆེན་པོར།།
ཆགས་འཇིག་གནས་སྟོང་བསྐལ་པ་ཡོད།།
དེ་ཡི་ཐོག་མཐའི་འདོད་ཚུལ་ལ།།
ད་དུང་རྩོད་པ་ལུ་གུ་རྒྱུད།།

སྒོས་སུ་ང་ཚོའི་འཇིག་རྟེན་འདིའི།།
ཆགས་འཇིག་ཚུལ་ལ་མཁས་རྣམས་ཀྱི།།
དགོངས་ཚུལ་སྣ་ཚོགས་ཡོད་པ་ལས།།
སྤྱི་ཡོངས་འདོད་ཚུལ་གཞིར་བཞག་ན།།

ལོ་ངོ་ཐེར་འབུམ་བཅུ་བཞིའི་སྔོན།།
ཚགས་དམ་ཆེ་བའི་གོང་བུ་ཞིག།
ཐོར་བའི་འབར་གས་ཆེན་མོ ་དང་།།
ལྷན་དུ་འཇིག་རྟེན་ཆགས་ཞེས་གྲགས།།

དགུ་ཚིགས་ཁྲག་ཁྲིག་མཆིས་ན་ཡང་།།
དེ་ཡི་དབྱིབས་ནི་གསུམ་དུ་ངེས།།
འཁྱིལ་བའི་དབྱིབས་དང་འཇོང་དབྱིབས་ཅན།།
ངེས་མེད་དབྱིབས་ཅན་དང་བཅས་སོ།།

དགུ་ཚིགས་ཆེན་པོ་རེ་རེའི་ནང་།།
སྐར་ཚོགས་ཐེར་འབུམ་འོད་མདངས་མངོན།།
འོད་ལྡན་སྐར་མ་རེ་རེའི་མཐར།།
གཟའ་དང་གཟའ་ཕྲན་མང་པོས་བསྐོར།།

དཔེར་ན་དགུ་ཚིགས་སྐྱ་མོ་འདིའི།།
སྐར་ཆེན་ཉི་མའི་དཀྱིལ་འཁོར་ལ།།
གཟའ་ཆེན་བརྒྱད་དང་གཟའ་ཕྲན་དང་།།
སྐར་རྡོ་སྐར་མདས་བསྐོར་བ་བཞིན།།

དགུ་ཚིགས་སྐྱ་མོ།


དགུ་ཚིགས་སྐྱ་མོ་ཞེས་པ་ནི།།
ང་ཚོར་དབང་བའི་དགུ་ཚིགས་ཏེ།།
ང་ཚོའི་ཉི་མ་འཁོར་བཅས་ནི།།
དེ་ཡི་ཆ་ཤས་ཆུང་ངུ་ཞིག།

ཨིན་སྐད་ཐ་སྙད་གཞིར་བཞག་ན།།
འོ་མའི་ལམ ་ཞེས་བཏགས་ཡོད་ལ།།
བོད་ཀྱི་མེས་པོའི་ངག་རྒྱུན་ལ།།
གནམ་གྱི་སྐ་རགས་ཞེས་ཀྱང་གྲགས།།

དེ་ཡི་དབྱིབས་ནི་འཁྱིལ་བའི་དབྱིབས།།
དབུས་ཁུལ་མཐུག་ལ་མཐའ་ཁུལ་སྲབ།།
དེ་ཡི་དཀྱིལ་ནས་འཛམ་གླིང་བར།།
འོད་ལོ་ཉིས་ཁྲི་ལྔ་སྟོང་ཙམ།།

དགུ་ཚིགས་སྐྱ་མོའི་མཐུག་ཚད་ནི།།
འོད་ཀྱི་རྒྱུ་ལོ་ཆིག་ཁྲི་ཙམ།།
དེས་ན་འོད་ལོ་གཅིག་གི་ཚད།།
སྤྱི་ལེ་ག་ཚོད་ཡིན་ཞེ་ན།།

ཁྲག་ཁྲིག་ཆེན་པོ་དགུ་དང་ནི།།
ཁྲག་ཁྲིག་ལྔ་ཡིན་དེ་ཡང་ནི།།
འོད་ལོ་གཅིག ་གི་ཚད་དང་མཉམ།།
དེ་ནི་རྒྱང་ཐག་རྩི་གཞི་ཡིན།།

གཞན་ཡང་དགུ་ཚིགས་སྐྱ་མོའི་ནང་།།
ང་ཚོའི་ཉི་མ་འདྲ་བ་ཡི།།
སྐར་ཚོགས་ཐེར་འབུམ་བཞི་བརྒྱ་ཙམ།།
དེ་དག་རགས་རྩིས་དབང་དུ་བྱས།།

ཨན་ཌོལ་མེ་ཊ ་དགུ་ཚིགས་ནི།།
ང་ཚོའི་ཁྱིམ་མཚེས་དགུ་ཚིགས་ཡིན།།
དགུ་ཚིགས་དེ་གཉིས་རྒྱང་ཐག་ནི།།
འོད་ལོ་ས་ཡ་གཉིས་ལྷག་གོ།

ཉི་མའི་ཁྱིམ་རྒྱུད།


ང་ཚོའི་ཉི་མའི་ཁྱིམ་རྒྱུད ་འདིའི།།
གཟའ་ཆེན་བརྒྱད་པོའི་ཆེ་ཆུང་དང་།།
དབྱིབས་དང་ཁ་དོག་རྒྱང་ཐག་སོགས།།
ཇི་ལྟར་ནུས་བཞིན་ཚིགས་སུ་བསྡེབ།།

སྤྱིར་ན་ཉི་མ་དབུས་གནས ་དང་།།
འཛམ་གླིང་དབུས་གནས ་ཞེས་པ་ཡི།།
འདོད་ཚུལ་གཉིས་སུ་གྲགས་ན་ཡང་།།
དེང་སྐབས་སྔ་མ་གཙིགས་སུ་འཛིན།།

འཇིག་རྟེན་ཡོངས་གྲགས་བཀའ་མོལ་ནང་།།
ཉི་མར་གཟའ་ཞེས་འབོད་མོད་ཀྱང་།།
འོན་ཀྱང་དེ་ནི་གཟའ་མ་ཡིན།།
དེ་ནི་སྐར་མའི་རིགས་སུ་གཏོགས།།

འོ་ན་གཟའ་དང་སྐར་མ་གཉིས།།
རྒྱུ་མཚན་གང་གིས་འབྱེད་ཅེ་ན།།
བོངས་ཚོད་དང་ནི་རང་ངོས་ནས།།
འོད་ཟེར་ཡོད་མེད་སོགས་ཀྱིས་འབྱེད།།

ཉི་མ་དེ་ནི་གཟའ་རྣམས་ལས།།
ལྡབ་འགྱུར་མང་པོའི་ཆེ་བ་ཡོད།།
དཔེར་ན་བརྗིད་ལྡན་གླང་ཆེན་དྲུང་།།
ཉམ་ཆུང་འདུར་རྒྱུགས་གྲོག་མ་བཞིན།།

ཉི་མའི་འོད་ནུས་ཆེན་པོ་དེས།།
ཚེ་སྲོག་ཡོངས་ལ་ནུས་ཤུགས་སྦྱིན།།
གཟའ་དང་གཟའ་ཕྲན་བཅས་པ་ལ།།
རང་གི་ངོས་སུ་འོད་མདངས་མེད།།

མུན་ནག་མཚན་མོའི་མཁའ་དབྱིངས་སུ།།
གཟའ་འོད་འཚེར་བ་མཐོང་ཞེ་ན།།
དེ་ནི་གཟའ་འོད་རང་མིན་པར།།
ཉི་འོད་ལྡོག་འཕྲོ་བྱས་པ་ཡིན།།

དེས་ན་ཉིན་བྱེད་དབང་པོ་ནི།།
ང་ཚོའི་དགུ་ཚིགས་སྐྱ་མོའི་ནང་།།
སྐར་ཚོགས་ཁྲག་ཁྲིག་བཞི་ལྷག་ཙམ།།
ཡོད་པའི་ནང་གི་གཅིག་ཡིན་ནོ།།

གནའ་བོའི་གྷི་རིག་པ་རྣམས་ཀྱིས།།
ཉིན་བྱེད་དབང་པོ་ལྷ་རུ་འདོད།།
དེང་རབས་ཚན་རིག་མཁས་དབང་ཚོས།།
ཉི་མ་ནུས་པའི་གོང་བུར་འདོད།།

ཉི་མའི་ཚ་དྲོད་ཕལ་ཆེ་བ།།
རིམ་པ་ཕྱི་མར་འཕྲོ་བཞིན་ཡོད།།
དེའི་ཕྱིར་དེ་ཡི་ཕྱི་ངོས་ལ།།
འོད་ཀྱི་དཀྱིལ་འཁོར ་ཞེས་ཀྱང་འབོད།།

ང་ཚོའི་ཉི་མའི་ཁྱིམ་རྒྱུད་འདིའི།།
ལོ་ཚད་ཇི་ཙམ་ཡིན་ཞེ་ན།།
དེའི་ཚད་ཐེར་འབུམ་བཞི་དང་ནི།།
དུང་ཕྱུར་དྲུག་ཅེས་ཀུན་ལ་གྲགས།།

བེམ་གཟུགས་ཅན་ཀྱི་དངོས་པོ་ཀུན།།
མཁྲེགས་གཟུགས་དང་ནི་གཤེར་གཟུགས་དང་།།
རླངས་གཟུགས་གསུམ་དུ་ངེས་པ་ལྟར།།
ཉི་དཀྱིལ་རླངས་གཟུགས་ཁོངས་སུ་གཏོགས།།

དེའི་ཕྱིར་ཉི་མའི་དཀྱིལ་འཁོར་ཀྱི།།
ཕྱི་ནང་རྒྱ་ཁྱོན་ཕལ་ཆེ་བ།།
ཧི་ལིམ ་དང་ནི་ཡང་རླུང ་གི།
རྡུལ་ཕྲན་གཉིས་ཀྱིས་གྲུབ་པ་ཡིན།།

ཧི་ལིམ་དང་ནི་ཡང་རླུང་གི།
ཉིང་རྡུལ་འགྱེད་འཕྲོའི ་ནུས་པ་ལ།།
བརྟེན་ནས་ཉི་མར་འོད་འཕྲོ་བའི།།
ནུས་ཤུགས་ཏག་ཏག་སྦྱིན་ནུས་སོ།།

ཉི་མའི་དཀྱིལ་འཁོར་ལས་ཐོན་པའི།།
ཟེར་ཕྲེང་མི་འདྲ་རིགས་བདུན་ནི།།
རླུང་འཕྲིན་རླབས་དང་ཕྲ་རླབས་དང་།།
དམར་ཕྱིའི་འོད་དང་མཐོང་རུང་འོད།།

སྨུག་ཕྱིའི་འོད་དང་ཨེ་ཀ་སིའི་ཟེར།།
གྷ་མ་ཟེར་བཅས་གོ་རིམ་བཞིན།།
ཕྱི་མ་ཕྱི་མ་སྔ་མ་ལས།།
རླབས་ཐག་ཐུང་ཞིང་གནོད་པའང་ཆེ།།

ཉི་མའི་ལྟེ་ཉིང་ཚ་ཚད་ནི།།
ཌིག་རི ་ས་ཡ་བཅུ་བཞི་ཙམ།།
ཕྱི་ཡི་ངོས་ཀྱི་ཚ་ཚད་ནི།།
ཌིག་རི་ལྔ་སྟོང་ལྔ་བརྒྱ་ཙམ།།

ཉི་མའི་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ས་ཡ་བཅུ་བཞི་ཙམ།།
དེ་ནི་ས་ཡི་གོ་ལ་ཡི།།
རང་ལྡབ་ས་ཡ་གཅིག་གིས་ལྷག།

ཉི་མ་དང་ནི་འཛམ་གླིང་གི།།
རྒྱང་ཐག་ས་ཡ་བརྒྱ་ལྔ་བཅུ།།
དེར་བརྟེན་ཉི་ཟེར་འཛམ་གླིང་སྟེང་།།
སླེབས་པར་སྐར་མ་བརྒྱད་ལྷག་གོ།

འཇིག་རྟེན་ཁམས་སུ་ཆེས་མགྱོགས་པའི།།
དངོས་པོ་དེ་ནི་འོད་ཟེར་ཡིན།།
འོད་ཀྱི་མགྱོགས་ཚད་སྐར་ཆ་རེར།།
སྤྱི་ལེ་སུམ་འབུམ་ཡས་མས་སོ།།

སྤྱིར་ན་སྐར་མ་གཞོན་ནུ་ཚོའི།།
ཁ་དོག་སྔོ་ཞིང་དར་མ་ཚོའི།།
ཁ་དོག་དམར་ཤུགས་ཆེ་བ་ཡོད།།
འཇིག་ཉེའི་སྐར་མདངས་དཀར་ཤས་ཆེ།།

ལོ་ངོ་ཐེར་འབུམ་བརྒྱ་ཡི་རྗེས།།
ཉི་མ་དེ་ཡང་འོད་མཉམ་སྟེ།།
དཀར་ཤས་སྐར་མར་གྱུར་དང་ལྷན།།
བུ་ག་ནག་པོའི་ནང་དུ་འཇུག།
གཟའ ་ཆེན་བརྒྱད།


ཉི་མའི་མཐའ་ཡི་འཁོར་ལམ་ལ།།
རྒྱུ་བའི་མཁའ་གཟུགས་མང་མོད་ཀྱང་།།
གཙོ་བོ་གཟའ་ཆེན་བརྒྱད་དང་ནི།།
སྐར་རྡོའི་སྐ་རགས་དང་བཅས་སོ།།

གཟའ་ཆེན་བརྒྱད་པོ་དེ་ལ་ནི།།
ཉི་མར་རྒྱང་ཐག་ཉེ་རིང་གིས།།
ནང་གཟའ་བཞི་དང་ཕྱི་གཟའ་བཞི།།
ཞེས་པའི་སྡེ་ཚན་གཉིས་སུ་དབྱེ།།

ནང་གཟའ་བཞི་ནི་ལྷག་པ་དང་།།
པ་སངས་འཛམ་གླིང་མིག་དམར་རོ།།
དེ་དག་རྒྱུ་ནི་བྲག་རྡོས་གྲུབ།།
མཁྲེགས་གཟུགས་གཟའ་བཞི་ཞེས་ཀྱང་འབོད།།

ཕྱི་གཟའ་བཞི་ནི་ཕུར་བུ་དང་།།
སྤེན་པ་གནམ་རྒྱལ་མཚོ་རྒྱལ་ལོ།།
དེ་དག་རྒྱུ་ནི་རླངས་གཟུགས་ལས།།
གྲུབ་ཕྱིར་རླངས་གཟའ་ཞེས་ཀྱང་གྲགས།།

གཟའ་ཆེན་བརྒྱད་ཀྱི་ཁ་དོག་དང་།།
དབྱིབས་དང་ཚད་སོགས་ཐ་དད་ཕྱིར།།
དེ་དག་ཞིབ་ཕྲའི་གནས་སྟངས་ནི།།
འོག་ནས་རིམ་བཞིན་བྲི་བར་བྱ།།

གཟའ་ལྷག་པ །





ལྷག་པ་ཞེས་པའི་གཟའ་དེ་ནི།།
ཉི་མར་རྒྱང་ཐག་ཉེ་ཤོས་དང་།།
གཟའ་བརྒྱད་ནང་གི་ཆུང་ཤོས་ཡིན།།
ད་དུང་ངོས་སུ་དོང་ཁའང་མང་།།

རོ་མན་ཐ་སྙད་གཞིར་བཞག་ན།།
ལྷ་ཡི་ཕོ་ཉ ་ཞེས་སུ་གྲགས།།
དེ་ཡི་ཚངས་ཐིག་སྤྱི་ལེ་ནི།།
བཞི་སྟོང་བརྒྱད་བརྒྱ་དོན་ལྔ་ཡིན།།

ཉི་མ་དང་ནི་ལྷག་པའི་བར།།
སྤྱི་ལེ་བྱེ་བ་ལྔ་དང་ནི།།
ས་ཡ་བདུན་དང་དུང་ཕྱུར་དགུ།།
གཟའ་འདིའི་སྟུག་ཚད་ཧ་ཅང་ཆེ།།

གཟའ་འདིའི་ཐུན་མིན་ཁྱད་ཆོས་ནི།།
ཉིན་མོ་ཚ་ཞིང་མཚན་མོ་གྲང་།།
ཆུ་དང་མཁའ་རླུང་མེད་པའི་ཕྱིར།།
སྐྱེ་དངོས་སྲོག་ཆགས་འཚོ་ཐབས་བྲལ།།

དེ་ཡི་ཉིན་མོའི་ཚ་ཚད་ནི།།
ཌིག་རི་བཞི་བརྒྱ་སུམ་ཅུ་ཡིན།།
མཚན་མོའི་དུས་ཀྱི་ཚ་ཚད་ནི།།
ཌིག་རི་འཐེན་རྟགས་བརྒྱ་བརྒྱད་ཅུ།།

ལྷག་པས་ཉི་མའི་མཐའ་འཁོར་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།
འཛམ་གླིང་ཉིན་ཞག་གྱ་བརྒྱད་ཡིན།།
རང་འཁོར་ཉིན་ཞག་ང་དགུའི་ཡུན།།

སྤྱིར་གཟའ་བརྒྱད་ལས་ཕལ་ཆེ་བ།།
ཟླ་བ་མང་པོས་བསྐོར་མོད་ཀྱང་།།
ལྷག་པ་དང་ནི་པ་སངས་ལ།།
ཟླ་བ་མེད་པའི་གཟའ་ཞེས་གྲགས།།

གཟའ་པ་སངས །


པ་སངས་དང་ནི་འཛམ་གླིང་བར།།
ཆེ་ཆུང་གདོས་ཚད་སྟུག་ཚད་སོགས།།
འདྲ་མཚུངས་ཅུང་ཙམ་མང་པོ་ཡོད།།
དེའི་ཕྱིར་བུ་མོ་སྤུན་ཞེས་གྲགས།།

པ་སངས་དེ་ནི་འཛམ་གླིང་ལ་།།
གཟའ་བརྒྱད་ནང་གི་ཉེ་ཤོས་ཡིན།།
རོ་མན་ཐ་སྙད་གཞིར་བཞག་ན།།
མཛེས་སྡུག་ལྷ་མོ ་ཞེས་སུ་འབོད།།

པ་སངས་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ཆིག་ཁྲི་ཉིས་སྟོང་བརྒྱ།།
དེ་ཡི་ངོས་ཀྱི་ཚ་ཚད་ནི།།
ཌིག་རི་བཞི་བརྒྱ་རེ་ལྔ་ཙམ།།

ཉི་མ་དང་ནི་པ་སངས་ཀྱི།།
བར་ཁྱད་རྒྱང་ཐག་ཇི་ཞེ་ན།།
སྤྱི་ལེ་དུང་ཕྱུང་བཅུ་དང་ནི།།
ས་ཡ་བརྒྱད་དང་བཅས་པ་འོ།།

པ་སངས་ཉི་མའི་མཐའ་འཁོར་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།
ཉིན་ཞག་ཉིས་བརྒྱ་ཉེར་ལྔ་དང་།།
རང་འཁོར་ཉིས་བརྒྱ་ཞེ་གསུམ་མོ།།

པ་སངས་ཞེས་པའི་གཟའ་འདི་ལ།།
རྒྱ་མཚོ་མེད་ཀྱང་རླུང་ཁམས་མངའ།།
དེ་ཡི་རླངས་གཟུགས་ཕལ་ཆེ་བ།།
ནག་རྫས་འཚོ་རླུང་ཉིས་ལྡན ་ཡིན།།

མེ་རི་འཕྱུར་བ་ལས་ཐོན་པའི།།
མུ་ཟི་འཚོ་རླུང་ཉིས་ལྡན ་དང་།།
མུ་ཟིའི་སྐྱུར་གྱི་ཆར་སྤྲིན ་བཅས།།
རླུང་ཁམས་འདི་ཡི་ཐུན་མིན་ཆོས།།

འཛམ་གླིང་།


ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི།།
གཟའ་ཆེན་བརྒྱད་ལས་ཆེར་འཕགས་པ།།
ས་ཡི་གོ་ལ་ཞེས་པ་འདི།།
ཚེ་སྲོག་བྱེ་བ་འཚོ་བའི་གནས།།

གཟའ་འདིའི་ཐུན་མིན་ཁྱད་ཆོས་ནི།།
འཚོ་རླུང་ལྡན་པའི་རླུང་ཁམས་མངའ།།
ཉིན་མཚན་བསིལ་དྲོད་སྙོམས་པ་དང་།།
རྩི་ཤིང་སེམས་ཅན་འཚོ་གནས་ཐུབ།།

ཉི་མ་དང་ནི་འཛམ་གླིང་བར།།
རྒྱང་ཐག་སྤྱི་ལེ་དུང་ཕྱུར་གཅིག
བྱེ་བ་བཞི་དང་ས་ཡ་དགུ།
འབུམ་ཕྲག་དྲུག་དང་བཅས་པ་འོ།།

ཚངས་ཐིག་སྤྱི་ལེ་ཆིག་ཁྲི་དང་།།
ཉིས་སྟོང་བདུན་བརྒྱ་ང་དྲུག་གོ།
འཛམ་གླིང་འདི་ནི་ནང་གཟའ་བཞིའི།།
ནང་གི་ཆེ་ཤོས་ཡིན་ཞེས་གྲགས།།

གཟའ་འདིའི་ཚ་ཚད་མཐོ་ཤོས་ནི།།
ཌིག་རི་ལྔ་བཅུ་ང་ལྔ་དང་།།
ཚ་ཚད་དམའ་ཤོས་ཌིག་རི་ནི།།
ཀླད་ཀོར་འོག་གི་བདུན་ཅུ་འོ།།

གཟའ་འདིས་ཉི་མའི་མཐའ་འཁོར་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།
ཉིན་ཞག་སུམ་བརྒྱ་རེ་ལྔ་དང་།།
གྲངས་ཆུང་ཉི་ཤུ་རྩ་ལྔ་འོ།།

དེར་བརྟེན་གྲངས་ཆུང་དེ་ཡིས་རྐྱེན།།
ལོ་བཞིའི་མཚམས་རེར་ཉིན་ལྷག་གཅིག།
བཞག་དགོས་བྱུང་བས་ཉིན་ལྷག་དེ།།
ཟླ་བ་གཉིས་པའི་སྟེང་དུ་བསྣན།།

གཟའ་འདི་རང་གི་འཁོར་ལམ་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།
ཆུ་ཚོད་ཉེར་བཞི་དགོས་པ་ནི།།
ང་ཚོ་ཚང་མའི་མྱོང་བས་གྲུབ།།

གཟའ་འདིའི་ཐུན་མིན་རླུང་ཁམས་ནང་།།
ཚ་གྲང་སྙོམ་པའི་ལྗང་ཁང ་དང་།།
སྨུག་ཕྱིའི་འོད་ཟེར་ལྡོག་ཐུབ་པའི།།
མཁའ་དབྱིངས་བླ་བྲེ ་གུར་ལྟར་ཕུབ།།

ལྗང་ཁང་ཞེས་པའི་རླུང་ཁམས་འདིར།།
རླངས་རིགས་མི་འདྲ་བཞི་ཡོད་དེ།།
ནག་རྫས་འཚོ་རླུང་ཉིས་ལྡན་དང་།།
འཛུམ་རླངས ་ན་རླངས ་ཆུ་རླངས་སོ།།

ཟླ་བ་ཞེས་པ་གཟའ་རྣམས་ཀྱི།།
མཐའ་རུ་རྒྱུ་བར་བྱེད་པ་ཡི།།
མཁའ་གཟུགས་མི་ཆེ་མི་ཆུང་བ།།
རང་འོད་འཕྲོ་བའི་ནུས་པ་མེད།།

ང་ཚོ་ཚང་མས་ཤེས་གསལ་ལྟར།།
འཛམ་གླིང་མཐའ་རུ་ཟླ་བ་གཅིག།
ཕྱི་ལོ་གཅིག་དགུ་རེ་དགུའི་ལོར།།
མི་ལྡན་འཕུར་གྲུ་ཟླ་སྟེང་བབས།།

གཟའ་མིག་དམར །





མིག་དམར་ཞེས་པའི་གཟའ་འདི་ལ།།
གཟའ་དམར་ཞེས་སུ་འབོད་པ་དང་།།
རོ་མན་ཐ་སྙད་གཞིར་བཞག་ན།།
དམག་ལྷ ་ཞེས་སུ་གྲགས་པ་འོ།།

ཉི་མ་དང་ནི་མིག་དམར་གྱི།།
རྒྱང་ཐག་སྤྱི་ལེ་དུང་ཕྱུར་གཉིས།།
བྱེ་བ་གཉིས་དང་ས་ཡ་བདུན།།
འབུམ་ཕྲག་དགུ་དང་བཅས་པ་འོ།།

ཚངས་ཐིག་སྤྱི་ལེ་དྲུག་སྟོང་དང་།།
བདུན་བརྒྱ་དགུ་བཅུ་ཐམ་པ་ཡིན།།
གཟའ་དམར་འདི་ཡི་ཚ་གྲང་ཚད།།
མཐོ་ཤོས་ཌིག་རི་ཉེར་ལྔ་དང་།།

དམའ་ཤོས་ཌིག་རི་ཀླད་ཀོར་འོག།
བརྒྱ་དང་ཉི་ཤུ་ཐམ་པ་འོ།།
གཟའ་འདིའི་རང་འཁོར་ཚད་དེ་ཡང་།།
འཛམ་གླིང་དང་ནི་ཤིན་ཏུ་འདྲ།།


རང་འཁོར་ཆུ་ཚོད་ཉེར་བཞི་དང་།།
གྲངས་ཆུང་སུམ་ཅུ་སོ་བདུན་ཡིན
གཞན་འཁོར་ཉིན་ཞག་དྲུག་བརྒྱ་དང་།།
བརྒྱད་ཅུ་གྱ་བདུན་དང་བཅས་སོ།།

གཟའ་དམར་འདི་ཡི་མཐའ་འཁོར་དུ།།
ཧྥོ་བྷོ་སི ་དང་ཊེ་མོ་སི །།
ཞེས་པའི་ཟླ་བ་གཉིས་རྙེད་ཡོད།།
ཧྥོ་བྷོ་སི་ཡི་ཚངས་ཐིག་ཚད།།

ཆ་སྙོམས་སྤྱི་ལེ་ཉེར་གཉིས་དང་།།
ཊེ་མོ་སི་ཞེས་ཟླ་བ་དེའི།།
ཆ་སྙོམས་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ཉི་ཤུ་རྩ་གཉིས་སོ།།

གཟའ་དམར་འདི་ཡི་ཡང་སྟེང་དུ།།
ཆུ་དང་འཁྱགས་པའི་ཤུལ་རྙེད་རྐྱེན།།
དེའི་ཕྱིར་ས་ཡི་གོ་ལ་ལྟར།།
ཚེ་སྲོག་ཡོད་མེད་དཔྱད་པའི་གཞི།།

ད་བར་འཕུར་གྲུ་མང་པོ་དང་།།
མིས་བཟོས་འཕྲུལ་སྐར་གང་མང་ཞིག།
གཟའ་དམར་སྟེང་དུ་འཚང་ན་ཡང་།།
ད་དུང་གྲུབ་འབྲས་ངེས་ཅན་མེད།།

གཟའ་ཕྲན་སྐ་རགས །




མིག་དམར་དང་ནི་གཟའ་ཕུར་བུའི།།
འཁོར་ལམ་བར་དུ་གནས་པ་ཡི།།
གྲངས་མང་མཁའ་གཟུགས་དེ་དག་ལ།།
གཟའ་ཕྲན་སྐ་རགས་ཞེས་སུ་འབོད།།

བེམ་གཟུགས་སྣ་ཚོགས་ལས་གྲུབ་པའི།།
གཟའ་ཕྲན ་དེ་དག་ཉི་མ་ལས།།
རྒྱང་ཐག་སྤྱི་ལེ་དུང་ཕྱུར་གསུམ།།
བྱེ་བ་ལྔ་བཅུ་དག་གིས་ཆོད།།

དུས་རབས་བཅོ་བརྒྱད་དུས་འགོ ་རུ།།
སེ་རེས ་ཞེས་པའི་གཟའ་ཕྲན་ཞིག།
ཐོག་མར་གསར་རྙེད་བྱུང་ནས་བཟུང་།།
ད་བར་ཆིག་ཁྲི་ལྷག་རྙེད་ཡོད།།

གཟའ་ཆེན་ཕུར་བུའི་འཐེན་ཤུགས་རྐྱེན།།
དེ་དག་གཅིག་ཏུ་མ་འདུས་པར།།
རང་རང་གནས་སུ་བརྟན་ཚུགས་ངང་།།
རང་འཁོར་དང་བཅས་གནས་ཐུབ་ཡོད།།

སེ་རེས་ཞེས་པའི་གཟའ་ཕྲན་དེ།།
གཟའ་ཕྲན་ཁྲོད་ཀྱི་ཆེ་ཤོས་ཡིན།།
དེ་དག་འཚང་ཀ་ཤིག་ཤིག་ངང་།།
གཟའ་རྣམས་ཇི་བཞིན་ཉི་མར་བསྐོར།།

གཟའ་ཆེན་ཕུར་བུ །




གཟའ་ཆེན་ཕུར་བུ་ཞེས་པ་དེ།།
གཟའ་ཆེན་བརྒྱད་ལས་བོངས་ཚོད་དང་།།
འཐེན་ཤུགས་གཉིས་ཀ་ཆེ་ཤོས་ཡིན།།
རང་འཁོར་ཚད་ཀྱང་མགྱོགས་ཤོས་ཡིན།།

རོ་མན་ཐ་སྙད་གཞིར་བཞག་ན།།
ལྷ་ཡི་རྒྱལ་པོ ་ཞེས་སུ་འབོད།།
ཉི་མ་དང་ནི་གཟའ་ཕུར་བུའི།།
རྒྱང་ཐག་སྤྱི་ལེ་དུང་ཕྱུར་བདུན།།
བྱེ་བ་བདུན་དང་ས་ཡ་བརྒྱད།།

འབུམ་ཕྲག་གསུམ་དང་བཅས་པ་འོ།།
དེ་བཞིན་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ཆིག་འབུམ་སུམ་ཁྲི་དང་།།
དགུ་སྟོང་བརྒྱད་བརྒྱ་ཉེར་གཉིས་སོ།།

གཟའ་འདིའི་རླུང་ཁམས་ཚ་ཚད་ནི།།
ཀླད་ཀོར་འོག་གི་བརྒྱ་ལྔ་བཅུ།།
རང་འཁོར་ཚད་ནི་ཆུ་ཚོད་དགུ།།
སྐར་མ་ལྔ་བཅུ་བཅས་པ་འོ།།

གཟའ་འདིས་ཉི་མའི་མཐའ་འཁོར་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།
མི་ཡི་ལོ་གྲངས་བཅུ་གཅིག་དང་།།
གྲངས་ཆུང་བརྒྱད་ཅུ་གྱ་དྲུག་གོ།

གཟའ་འདིའི་ཐུན་མིན་ཁྱད་ཆོས་ནི།།
ཟླ་བ་དྲུག་ཅུ་རེ་བདུན་ཡོད།།
དེའི་ཕྱིར་ཉི་མའི་ཁྱིམ་རྒྱུད་ནང་།།
ཟླ་བ་མང་ཤོས་གཟའ་དེ་ཡིན།།

ལོ་ངོ་བཞི་བརྒྱའི་གོང་རོལ་དུ།།
སྐར་དཔྱད་མཁན་པོ་གྷ་ལི་ལེས །།
གསར་གཏོད་རྒྱང་མཐོང་ཆེ་ཤེལ་བརྒྱུད།།
ཐོག་མར་ཕུར་བུའི་ཟླ་བ་མཐོང་།།

ད་དུང་གཟའ་ཆེན་ཕུར་བུའི་མཐར།།
རླངས་གཟུགས་གདུབ་ཀོར་མཆིས་མོེད་ཀྱང་།།
དེ་ནི་སྲབ་ཅིང་བཀྲམས་པའི་ཕྱིར།།
ཤ་ཡི་མིག་གིས་མཐོང་བར་དཀའ།།

གལ་སྲིད་གཟའ་ཆེན་ཕུར་བུ་འདི།།
ཁོག་སྟོང་དོང་ཞིག་ཡིན་གྱུར་ན།།
འཛམ་གླིང་ཆིག་སྟོང་མ་བརྒྱངས་པར།།
དེ་ནི་ཡོངས་སུ་ཁེངས་མི་སྲིད།།

གཟའ་སྤེན་པ །





སྤེན་པ་ཞེས་བྱའི་གཟའ་འདི་ནི།།
གཟའ་ཆེན་ཆ་ཤོས་གཉིས་པ་དང་།།
ཉི་མའི་ཁྱིམ་རྒྱུད་འདིའི་ནང་གི།
སྟུག་ཚད་ཆེས་ཆེར་དམའ་ཤོས་ཡིན།།

རོ་མན་ཐ་སྙད་གཞིར་བཞག་ན།།
ཞིང་ལྷ ་ཞེས་པའི་མིང་གིས་་འབོད།།
མཐོང་རུང་གདུབ་ཀོར་ལྡན་པའི་ཕྱིར།།
མཛེས་སྡུག་ལྡན་པའི་གཟའ་ཞེས་ཟེར།།

གཟའ་ཆེན་སྤེན་པའི་ཚངས་ཐིག་ཚད།།
སྤྱི་ལེ་ཆིག་འབུམ་ཆིག་ཁྲི་དང་།།
དྲུག་སྟོང་བཞི་བརྒྱ་དྲུག་ཅུ་བཞི།།
ཉི་མ་ནས་བརྩིས་སྤེན་པའི་བར།།

རྒྱང་ཐག་སྤྱི་ལེ་ཐེར་འབུམ་གཅིག།
དུང་ཕྱུར་བཞི་དང་བྱེ་བ་གསུམ།།
དེ་ཡི་རླུང་ཁམས་ཚ་ཚད་ནི།།
ཀླད་ཀོར་འོག་གི་བརྒྱ་བརྒྱད་ཅུ།།

རང་འཁོར་ཚད་ནི་ཆུ་ཚོད་བཅུ།།
སྐར་མ་སུམ་ཅུ་སོ་དགུ་འོ།།
གཟའ་འདིས་ཉི་མའི་མཐའ་འཁོར་དུ།།
སྐོར་བ་ལན་གཅིག་བརྒྱག་པ་ལ།།

མི་ལོ་ཉི་ཤུ་རྩ་དགུ་དང་།།
ཉིན་ཞག་བཞི་བཅུ་ཞེ་དྲུག་གོ།
གཟའ་ཆེན་འདི་ཡི་མཐའ་འཁོར་དུ།།
ཟླ་བ་ལྔ་བཅུ་ང་གསུམ་ཡོད།།

ཐལ་རྡུལ་དང་ནི་འཁྱགས་པ་ལས།།
གྲུབ་པའི་གདུབ་ཀོར་མཚར་པོ་དེ།།
གཟའ་འདིའི་ཐུན་མིན་ཁྱད་ཆོས་ཡིན།།
དེ་ཡི་བཟོ་ལྟ་སྡེར་མ་འདྲ།།

གོང་བརྗོད་བཞིན་དུ་གཟའ་འདིའི་མཐར།།
ཟླ་བ་ང་གསུམ་ཡོད་པ་ལས།།
ཆེས་ཆེར་ཆེ་བའི་ཟླ་བ་དེར།།
ཊི་ཊན ་ཞེས་པའི་མིང་གིས་འབོད།།

གཟའ་གནམ་རྒྱལ །




གནམ་རྒྱལ་ཞེས་བྱའི་གཟའ་དེ་ལ།།
གཟའ་ལྗང་ཞེས་ཀྱང་འབོད་འགྱུར་ལ།།
དེ་ནི་ཉི་མའི་ཁྱིམ་རྒྱུང་ནང་།།
ཆེས་ཆེར་གྲང་བའི་གཟའ་ཡིན་ནོ།།

གནམ་རྒྱལ་ཞེས་བྱའི་གཟའ་འདི་ལ།།
རོ་མན་ཐ་སྙད་མེད་མོད་ཀྱང་།།
འོན་ཀྱང་གྷི་རིག་ཐ་སྙད་ལ།།
ལྷའམ་གནམ་གྱི་རྒྱལ་པོ ་གསོལ།།

གཟའ་འདིའི་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ལྔ་ཁྲི་སྟོང་མེད་ཅིང་།།
བདུན་བརྒྱ་ཉི་ཤུ་རྩ་བཞི་འོ།།
ཉི་མ་དང་ནི་གནམ་རྒྱལ་བར།།

རྒྱང་ཐག་སྤྱི་ལེ་ཐེར་འབུམ་གཉིས།།
དུང་ཕྱུར་བརྒྱད་དང་བྱེ་བ་བདུན།།
ཚ་ཚད་ཌིག་རི་ཀླད་ཀོར་འོག།
ཉིས་བརྒྱ་དང་ནི་བཅུ་དྲུག་གོ།


ཉིན་མོའམ་མཚན་མོའི་རིང་ཚད་ནི།།
ཆུ་ཚོད་བཅུ་བདུན་དེ་ཡི་སྟེང་།།
སྐར་མ་བཅུ་བཞི་དག་གིས་ལྷག།
ལོ་ཚད་མི་ལོ་གྱ་བཞི་ཡིན།།

གཟའ་འདིར་རྩི་ཤིང་མེད་མོད་ཀྱི།།
ཅིའི་ཕྱིར་ལྗང་མདོག་མངོན་ཞེ་ན།།
དེ་ནི་གཟའ་དེའི་རླུང་ཁམས་ནང་།།
ན་རླངས་སྤྲིན་པ་ཡོད་པའི་རྐྱེན།།

གཟའ་འདི་ས་ཡི་གོ་ལ་ལས།།
ལྡབ་འགྱུར་བཞི་ཡིས་ཆེ་བ་དང་།།
ཟླ་བ་ཉི་ཤུ་རྩ་བདུན་ཡོད།།
ཞིབ་ཕྲའི་གནས་ཚུལ་གཞན་དུ་ལྟོས།།

གཟའ་མཚོ་རྒྱལ །

ཉི་མར་རྒྱང་ཐག་ཆེས་རིང་བའི།།
མཚོ་རྒྱལ་ཞེས་བྱའི་གཟའ་འདི་ནི།།
ཁ་དོག་སྔོ་ཤས་ཆེ་བ་དང་།།
རླངས་གཟུགས་ཆེན་པོ་ཞེས་ཀྱང་འབོད།།

གཟའ་འདིའི་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་བཞི་ཁྲི་དགུ་སྟོང་དང་།།
ཉིས་བརྒྱ་བཞི་བཅུ་ཞེ་བཞི་ཡིན།།
ཉི་མ་དང་ནི་མཚོ་རྒྱལ་བར།།

རྒྱང་ཐག་སྤྱི་ལེ་ཐེར་འབུམ་བཞི།།
དུར་ཕྱུང་བཞི་དང་བྱེ་བ་དགུ།
གཟའ་འདིའི་ཚ་ཚད་ཀླད་ཀོར་འོག།
ཌིག་རི་ཉིས་བརྒྱ་བཅུ་བཞི་ཡིན།།

རང་འཁོར་ཆུ་ཚོད་བཅུ་དྲུག་དང་།།
སྐར་མ་བདུན་ནང་ལན་རེར་འཁོར།།
གཟའ་འདིས་ཉི་མའི་མཐའ་འཁོར་དུ།།
གཞན་སྐོར་ལན་གཅིག་བརྒྱག་པ་ལ།།

མི་ལོ་བརྒྱ་དང་རེ་བཞི་དང་།།
ཉིན་ཞག་དགུ་ཡིས་ལྷག་པ་འོ།།
གཟའ་རང་ཉིད་ལ་སྐོར་བ་ཡི།།
ཟླ་བའི་གྲངས་ནི་བཅུ་གསུམ་ཡིན།།

མཐའ་ཡི་གཟའ་སྔོན་འདི་ལ་ཡང་།།
དོག་པའི་གདུབ་ཀོར་བཞི་ཡོད་ཀྱང་།།
ཚད་མཐོའི་རྒྱང་མཐོང་མ་གཏོགས་པ།།
ཤ་མིག་རྐྱང་བས་མཐོང་མི་ཐུབ།།

ཊུ་རེ་ཊོན ་ནི་གཟའ་འདི་ལ།།
བརྟེན་པའི་ཟླ་བ་ཆེ་ཤོས་ཡིན།།
ད་དུང་ཉི་མའི་ཁྱིམ་རྒྱུད་ནང་།།
གྲང་བའི་མཐར་ཐུག་བེམ་གཟུགས་ཡིན།།

དེ་ཡི་ཚ་ཚད་ཀླད་ཀོར་འོག།
ཌིག་རི་ཉིས་བརྒྱ་སོ་ལྔ་ཡིན།།
དེ་བཞིན་ཚངས་ཐིག་རིང་ཚད་ནི།།
སྤྱི་ལེ་ཉིས་སྟོང་བདུན་བརྒྱ་འོ།།

གཟའ་ཟུར་གཤིན་རྒྱལ །




སྔོན་དུས་གོང་གསལ་གཟའ་བརྒྱད་སྟེང་།།
གཤིན་རྒྱལ་བསྣན་ཏེ་གཟའ་དགུར་འདོད།།
དེང་སྐབས་གཟའ་གཏེ་གཤིན་རྒྱལ་དེ།།
གཟའ་ཡི་ཁོངས་ནས་ཕྱིར་བཏོན་ཡོད།།

ཅིའི་ཕྱིར་གཟའ་གཏེ ་གཤིན་རྒྱལ་དེ།།
གཟའ་ཡི་ཁོངས་ནས་བཏོན་ཞེ་ན།།
དེ་ལ་གཟའ་ཆེན་གཞན་བརྒྱད་ལ།།
ཡོད་པའི་ཆ་རྐྱེན་མ་ཚང་ཕྱིར།།

སྔོན་གྱི་དུས་སུ་ཚན་རིག་པས།།
གཤིན་རྒྱལ་འཛམ་གླིང་ལས་ཆེ་སྙམ།།
ཚན་རྩལ་རྒྱས་པའི་དེང་གི་དུས།།
གོང་གསལ་འདོད་ཚུལ་ནོར་བར་བསྒྲུབས།།

དེའི་ཕྱིར་གཟའ་ཟུར་གཤིན་རྒྱལ་ལ།།
གཟའ་ཡི་ཚད་གཞི་མ་ལོན་ཞིང་།།
འཁོར་ལམ་དེ་ཡང་གཞན་དག་དང་།།
མི་མཐུན་རང་གི་སྒེང་ལམ་ཞིག།

དེར་བརྟེན་ཉིས་སྟོང་དྲུག་གི་ལོར།།
རྒྱལ་སྤྱིའི་གནམ་རིག་མཐུན་ཚོགས་སྟེང་།།
མང་མོས་འོས་བསྡུའི་ལམ་བརྒྱུད་དེ།།
གཤིན་རྒྱལ་གཟའ་ལས་གནས་དབྱུང་བཏང་།།

གཤིན་རྒྱལ་དེ་ནི་ཉི་མ་ལས།།
རྒྱང་ཐག་སྤྱི་ལེ་ཐེར་འབུམ་ལྔ།།
དུང་ཕྱུར་བརྒྱད་དང་བྱེ་བ་དགུའི།།
མཚམས་སུ་གནས་ཡོད་ཚངས་ཐིག་གི།

རིང་ཚད་སྤྱི་ལེ་ཉིས་སྟོང་དང་།།
སུམ་བརྒྱ་བཅུ་མེད་བཞི་ཡིན་ནོ།།
ཚ་ཚད་ཌིག་རི་ཀླད་ཀོར་འོག།
ཉིས་བརྒྱ་སུམ་ཅུ་ཐམ་པ་འོ།།

རང་འཁོར་ཚད་ནི་འཛམ་གླིང་གི།
ཉིན་ཞག་དྲུག་དང་ཆུ་ཚོད་དགུ།
ཉི་མར་སྐོར་གཅིག་བརྒྱག་པ་ལ།།
མི་ལོ་ཉིས་བརྒྱ་ཞེ་བདུན་དང་།།

ཉིན་ཞག་དགུ་ཡིན་དེ་ཡི་མཐར།།
བརྟེན་པའི་ཟླ་བ་གཉིས་ཀྱང་ཡོད།།
གང་ལྟར་ད་སྐབས་གཤིན་རྒྱལ་ལ།།
གཟའ་ཟུར་དང་ནི་གཟའ་གཏེ་ཟེར།།

གཞན་ཡང་དུ་བ་མཇུག་རིང ་དང་།།
སྐར་རྡོ ་དང་ནི་སྐར་མདའ་སོགས།།
མཁའ་གཟུགས་གཞན་ཡང་མང་མོད་ཀྱང་།།
ཡིག་ཚོགས་སྐྱུང་ཕྱིར་འདིར་མི་སྤྲོ།།

གཟའ་འཛིན།


སྤྱིར་ན་གཟའ་འཛིན་ཞེས་པ་ནི།།
ཉི་མ་དང་བཅས་མཁའ་གཟུགས་གསུམ།།
ཚངས་ཐིག་གཅིག་ཏུ་ཁེལ་བའི་སྐབས།།
ཉི་འོད་བསྒྲིབས་ཏེ་དེའི་གྲིབ་མ།།

མཁའ་གཟུགས་གཞན་སྟེང་ཕོག་པ་འོ།།
གཟའ་འཛིན་རིགས་ནི་མང་མོད་ཀྱང་།།
ང་ཚོས་ཡོངས་གྲགས་མཐོང་ཐུབ་པ།།
ཉི་འཛིན་དང་ནི་ཟླ་འཛིན་ནོ།།

དུས་རབས་ཉི་ཤུ་པའི་ནང་དུ།།
ཉི་འཛིན་ཉིས་བརྒྱ་ཉེར་བརྒྱད་དང་།།
ཟླ་འཛིན་གྲངས་ནི་བརྒྱ་ཞེ་བདུན།།
དེ་ཀུན་ང་ཚོས་མཐོང་ཐབས་བྲལ།།

ཅིའི་ཕྱིར་ཞེ་ན་འཛམ་གླིང་གི།
ཕྱོགས་བཞིའི་གླིང་ཕྲན་སོ་སོ་ལ།།
ཉིན་མཚན་དང་ནི་ནམ་དུས་བཞིའི།།
གནས་སྟངས་མི་འདྲ་ཐ་དད་ཕྱིར།།

ཉི་འཛིན།



ཉི་འཛིན་ཞེས་པ་ཉི་མ་དང་།།
ཟླ་བ་དང་ནི་འཛམ་གླིང་གསུམ།།
ཐིག་གཅིག་སྟེང་དུ་ཁེལ་བའི་དུས།།
ཟླ་བས་ཉི་དཀྱིལ་བསྒྲིབས་ལ་ཟེར།།

དེ་ཡི་དོན་ནི་ཉི་མ་དང་།།
འཛམ་གླིང་བར་དུ་ཟླ་བའི་གཟུགས།།
སླེབས་ཏེ་དེ་ཡིས་ཅུང་ཙམ་རིང་།།
ཉི་དཀྱིལ་མི་མངོན་བསྒྲིབས་བྱས་པའོ།།

དེ་ཡི་རྒྱུ་མཚན་ཅི་ཞེ་ན།།
གོང་བརྗོད་བཞིན་དུ་འཛམ་གླིང་དང་།།
ཟླ་བར་རང་འོད་མེད་པའི་ཕྱིར།།
ཉི་དཀྱིལ་སྒྲིབ་པའི་ནུས་པ་ལྡན།།

ཉི་འཛིན་རིགས་ནི་གསུམ་ཡོད་དེ།།
ཉི་དཀྱིལ་ཆ་ཚང་བསྒྲིབས་པ་ལ།།
ཧྲིལ་འཛིན་ཟེར་ཞིང་ཆ་ཤས་འགའ།།
སྒྲིབ་པར་བྱེད་པ་ཆ་འཛིན་ཡིན།།

ཉི་དཀྱིལ་ཕལ་ཆེར་བསྒྲིབས་བྱས་ཀྱང་།།
མཐའ་རུ་འོད་ཀོར་སོར་གདུབ་དབྱིབས།།
ལྷག་མར་ལུས་ལ་གདུབ་འཛིན་ཟེར།།
ཉི་འཛིན་ཉིན་མོ་ཁོ་ནར་འབྱུང་།།

ཟླ་འཛིན།



ཟླ་འཛིན་ཞེས་པའང་ཉི་མ་དང་།།
ཟླ་བ་དང་ནི་འཛམ་གླིང་གསུམ།།
ཐིག་གཅིག་སྟེང་དུ་བསྒྲིགས་པའི་དུས།།
འཛམ་གླིང་གིས་ནི་ཉི་འོད་བསྒྲིབས།།

དེ་ཡང་ས་ཡི་གོ་ལ་དེ།།
ཉི་མ་དང་ནི་ཟླ་བའི་བར།།
འཛུལ་ཏེ་དེ་ཡི་གཟུགས་བརྙན་གྱིས།།
ཉི་འོད་བསྒྲིིབས་པར་བྱས་པ་འོ།།

དེ་ཡི་སྐབས་སུ་འཛམ་གླིང་ནས།།
ཟླ་བའི་གོ་ལར་བལྟས་པའི་ཚེ།།
དེ་ནི་དམར་བའམ་ནག་པ་ཡི།།
འོད་མེད་གོང་བུ་ཞིག་ཏུ་སྣང་།།

ཟླ་འཛིན་འདི་ལའང་རིགས་གཉིས་ཏེ།།
ཟླ་གཟུགས་ཆ་ཚང་སྒྲིབ་པ་ཡི།།
ཧྲིལ་འཛིན་དང་ནི་ཆ་ཤས་ཤིག།
སྒྲིབ་པར་བྱེད་པ་ཆ་འཛིན་ནོ།།

གཟའ་འཛིན་ཡོང་སྟངས་མདོར་བསྡུས་ཙམ།།
ཞོར་བྱུང་ཚུལ་དུ་བྲིས་པ་ཡིན།།
དེ་ལྟར་སྐབས་དོན་བརྗོད་བྱའི་དོན།།
རེ་ཞིག་རྫོགས་པར་བྱས་པ་འོ།།

གཟའ་སྐར་རྣམ་བཞག་མདོར་བསྡུས་ཙམ།།
རང་གིས་ཅུང་ཙམ་ཤེས་པ་དེ།།
མི་བརྗེད་ཡུན་ཙམ་བཟུང་ཕྱིར་དུ།།
སྡོམ་གྱི་ཚུལ་དུ་བཀོད་པ་ལགས།།

རང་བློའི་རྣམ་དཔྱོད་དོག་དྲགས་པས།།
ནོར་འཁྲུལ་ཡོད་པ་གདོན་མི་ཟ།།
དེའི་ཕྱིར་ལེགས་སྤེལ་ཉེས་འགོག་གི།
དགོངས་འཆར་ལྷུག་པོར་ཡོང་བར་འཚལ།།

ཟུར་མཆན།

གོང་གསལ་གྱི་རྒྱང་ཐག་དང་བོངས་ཚད་སོགས་ཀྱི་ཚད་ནི་ཕྱི་ལོ་ ༢༠༡༣ ལོའི་ ཟླ་བདུན་པའི་ནང་དཔར་བསྐྲུན་བྱས་པའི་རྒྱ་གར་གྱི་ཟླ་དེབ་(TELL ME WHY) ཞེས་པར་གཞི་བཅོལ་ཏེ་བྲིས་པ་ཡིན་མོད། འོན་ཀྱང་གྲངས་འདི་དག་མཐའ་དག་ཏུ་མ་ངེས་ཏེ་རྒྱུ་མཚན་ནི་ཚན་རིག་གི་དཔྱད་གཞིའི་བརྒྱུད་རིམ་ཁྲོད་རྣམ་བཞག་གསར་པ་ཞིག་རྙེད་ཚེ་རྣམ་བཞག་སྔ་མ་དོར་བ་ནི་རྒྱུན་ལྡན་ཡིན་པས་དེ་དོན་ཐུགས་འཇགས་འཚལ། གཞན་ཡང་ངེས་དགོས་པ་ཞིག་ནི་ཚེག་གི་འོག་གི་ཨང་གྲངས་གང་ཡང་རུང་བ་ཞིག་ལྔའི་ཡན་ཡིན་ཚེ་(༡༤༩་༦ ཡང་ན་ ༡༥༠) གྲངས་གོང་མ་གཙོ་ལ། ཨང་གྲངས་གང་ཡང་རུང་བ་ཞིག་ལྔའི་མན་ཡིན་ཚེ་(༡༤༩་༤ ཡང་ན་ ༡༤༩) གྲངས་འོག་མ་གཙོ་བོ་བྱེད་དགོས་པ་ནི་ཚན་རིག་གི་གྲངས་ཐོ་སྤྱི་ལ་ཁྱབ་པའི་འབྲི་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན་ནོ།།

དེ་ཡང་སྐར་དཔྱད་རིག་པའི་སྡོམ་ཚིག་རང་བློའི་བརྗེད་བྱང་ཞེས་པ་འདི་ནི་བོད་རྒྱལ་ལོ་ ༢༡༤༢ ཤིང་མོ་ལུག་གི་ལོའི་གནམ་ལོ་གསར་བཞད་ཀྱི་གུང་གསེང་དང་བསྟུན་ཏེ། རྒྱ་གར་བྱང་ཕྱོགས་བཞུགས་སྒར་ངྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ན་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་དུ་འབྲས་སྤུངས་སྒོ་མང་སྟག་ཚ་ལེགས་པ་རྒྱ་མཚོས། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་ལོ་བརྒྱད་ཅུ་ལ་ཕེབས་པའི་གྱ་སྟོན་གྱི་སྨོན་འདུན་ཞིག་གི་ཚུལ་དུ་བྲིས་པ་དགེ་བར་གྱུར་ཅིག





No comments

Post a Comment

Like us on Facebook