མངའ་རིས་བསྟན་འཛིན་དབང་ལྡན་གྱིས་དབྱིན་བསྒྱུར་བྱས།
ཚན་རིག་ནི་གོ་རིམ་ལྡན་པའི་ལས་གཞི་ཞིག་སྟེ། གང་གིས་འཇིག་རྟེན་ཁམས་ཀྱི་སྐོར་ལ་ཚོད་ལྟ་རུང་བའི་འགྲེལ་བཤད་དང་སྔོན་དཔག་ཅན་གྱི་ངོ་བོར་ཤེས་བྱ་གསར་རྙེད་དང་ཕྱོགས་བསྡུ་བྱེད་པ་ཞིག་ལ་ཟེར། ད་ལྟའི་གནས་སྐབས་ཀྱི་ཚན་རིག་ནི་དམིགས་བསལ་གྱི་སྡེ་ཚན་དུ་མ་ཞིག་ལ་ཆ་བགོས་བྱས་ཡོད་དེ། རང་བྱུང་ཚན་རིག་གིས་ཕྱིའི་དངོས་པོའི་འཇིག་རྟེན་གྱི་སྐོར་དང་། སྤྱི་ཚོགས་ཚན་རིག་གིས་མི་དང་སྤྱི་ཚོགས་ཀྱི་སྐོར། སྤྱིར་བཏང་ཚན་རིག་གིས་རིག་པ་དང་ཨང་རྩིས་ཀྱི་སྐོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་བརྗོད་བཞིན་ཡོད།
སྤྱིར་བཏང་ཚན་རིག་ནི་ཡང་ཡང་ཚན་རིག་གི་ཁོངས་སུ་འཇུག་རྒྱུར་བཀག་འགོག་བྱེད་པ་ནི། བཟོ་སྐྲུན་རིག་པ་དང་། སྨན་གྱི་རིག་པ་ལྟ་བུ་ཚན་རིག་ནང་སྤྱོད་པའི་ཁྲིམས་སྟེ་དངོས་ཐོག་མྱོང་དྲིས་ཀྱི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་མེད་པས་ཡིན་ལ། དངོས་ཐོག་མྱོང་དྲིས་ཀྱི་སྒོ་ནས་བརྟག་དཔྱད་བྱ་རྒྱུ་ཡོད་པ་དེ་འདྲའི་ཚན་རིག་དེ་ལ་ལས་འཇུག་ཚན་རིག་ཞེས་ཀྱང་བརྗོད་ཆོག
གནའ་བོའི་སྲོལ་རྒྱུན་ནས་དུས་རབས་བཅུ་དགུ་པའི་བར་ལ་ཚན་རིག་དེ་ད་ལྟ་བཞིན་མིན་པར་ལྟ་གྲུབ་དང་འགྲེལ་བའི་ཤེས་ཡོན་གྱི་རྣམ་པ་མང་པོར་གནས་ཡོད། ནུབ་ཕྱོགས་སུ་སྐབས་ཤིག་ལ་ད་ལྟ་ཚན་རིག་དང་འབྲེལ་ཡོད་ཀྱི་སྐར་དཔྱད་དང་སྨན་དེ་བཞིན་དངོས་ཁམས་སོགས་ལ་སྦྱོང་བའི་ཤེས་ཡོན་གྱི་སྡེ་དེ་ལ་རང་བྱུང་ལྟ་གྲུབ་ཞེས་པའི་ཐ་སྙད་བཏགས་མྱོང་ཡོད། གང་ལྟར་ཡང་། ཁ་ཆེའི་བསྐལ་བ་ཡག་དུས་ཤིག་གི་སྐབས་ལ་ཨལ་ཧེ་ཐམ་ཞེས་པ་དེས་རང་གི་དཔེ་དེབ་(མིག་གི་དེབ་)ནང་ཚན་རིག་གི་ཐབས་ལམ་རྣམས་ཀྱི་རྨང་གཞི་བཏིངས།
དེ་མཚུངས་སུ་གནའ་བོའི་རྒྱ་གར་དང་གི་རིཀས་པ་རྣམས་ཀྱིས་དངོས་གཟུགས་ཀྱི་འཇིག་རྟེན་དེ་ས་ཆུ་མེ་རླུང་རྣམས་སུ་དབྱེ་འབྱེད་བྱས་པ་དེ་ནི་ལྟ་གྲུབ་གཙོར་བཟུང་བྱས་ཤིང་། དུས་རབས་བར་མའི་སྐབས་སུ་དཀྱིལ་ཤར་བ་ཚོས་དངོས་གཟུགས་དབྱེ་འབྱེད་ཆེད་མྱོང་བ་གཙོར་བཟུང་གིས་ལག་ལེན་དང་ཞིབ་འཇུག་བྱས་པ་ཡིན།
དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་ལ་ཚན་རིག་པ་ཚོས་དངོས་ཁམས་གཏན་ཁྲིམས་ཀྱི་ཐོག་ནས་ཤེས་ཡོན་གྱི་གོ་རིམ་རྒྱ་ཆེ་ས་རུ་འཚོལ་སྙེགས་བྱས། དུས་རབས་བཅུ་དགུ་པའི་ནང་ཚན་རིག་ཞེས་པའི་ཐ་སྙད་དེ་ཚན་རིག་གི་ཐབས་ལམ་དེ་ཉིད་དང་འབྲེལ་ལམ་འཕེལ་རྒྱས་སུ་ཕྱིན་ནས་རང་བྱུང་ཁམས་འདི་ཉིད་ལ་སློབ་གཞི་ཞིག་ཆགས། དེ་ནི་ཚན་རིག་གི་སློབ་གཞི་དཔེར་ན། སྐྱེ་དངོས་དང་རྫས་སྦྱོར་དངོས་ཁམས་ཚན་རིག་རྣམས་དེང་དུས་དང་མཐུན་པ་ཞིག་གི་ཚད་ལ་སླེབ་དུས་སུ་ཡིན། དེ་དང་མཐུན་པར་ཚན་རིག་པ་དང་། ཚན་རིག་གི་སྤྱི་ཚོགས། ཚན་རིག་གི་རིག་གནས་ཁང་ཞེས་པའི་ཐ་སྙད་གསར་བཀོལ་བྱས་པ་མ་ཟད། དེ་རྣམས་ཀྱིས་སྤྱི་ཚོགས་དང་རིག་གཞུང་སོགས་ལ་ཤུགས་རྐྱེན་ཧ་ལས་པ་ཞིག་ཐེབས་མགོ་ཚུགས།
No comments
Post a Comment